ཟླ་བརྒྱད་པའི་རྩེ་གཞུང་རྩྭ་ཐང་དུ་ནོར་ལུག་གི་ཁྱུ་ཚོགས་རྩྭ་ཆུའི་བཅུད་ལ་ཅི་དགར་རོལ་བཞིན་ཡོད་ཅིང་། རི་ལུང་ཐང་གསུམ་ཀུན་ཏུ་བཞད་པའི་སྤང་རྒྱན་སྔོན་མོ་དང་ཁ་དོག་ཅུང་འགྱུར་བའི་མུ་མཐའ་བྲལ་བའི་རྩྭ་ཐང་གིས་སྟོན་གྱི་ཁྱད་ཆོས་གསལ་རྗེན་དུ་མངོན་པར་བྱས་ཡོད། གྲང་ངར་ཅུང་ཆེ་བའི་ཞོགས་པ་ཞིག་ལ། ང་ཚོ་བཅར་འདྲི་ཚན་ཆུང་རྩེ་ཁོག་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣ་དང་ལྷན་དུ། དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་ཀྱག་ཀྱོག་གི་རི་ལམ་བརྒྱུད་མཐར། གཞི་ནས་ཉིན་ཤུག་ཡུལ་ཚོའི་རི་འཛོམས་སྡེ་བར་སླེབས་བྱུང་།
རི་འཛོམས་སྡེ་བའི་ནང་དུ་སླེབས་པ་ན་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རིག་ལོ་གཙོ་བྱས་པའི་སྡེ་བའི་ཏང་ཡོན་རྣམས་ཀྱིས་ང་ཚོ་ནི་གནས་དེར་ཐོན་པའི་གསར་འགོད་པ་ཐོག་མ་ཡིན་ཞེས་དགའ་བསུ་ཚད་མེད་བྱས། སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སྡེ་མི་མང་བོ་འདུས་ཏེ་འདུ་འཛི་ལང་ལོང་བྱེད་བཞིན་ཡོད། ༼ཡུལ་དངོས་ཀྱི་སྒྲ།༽ང་ཚོས་མི་དེ་དག་གིས་ཅི་ཞིག་བྱེད་བཞིན་པ་དྲིས་ཚེ། ཁོ་ཚོས་མཉམ་དུ་རི་འཛོམས་སྡེ་བའི་ཏང་ཀྲི་པུའུ་ཡི་ཨུ་ཡོན་ཚོགས་འདུ་བསྡུས་ཏེ་སྡེ་བའི་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར།
ཉིན་ཤུག་ཡུལ་ཚོའི་རི་འཛོམས་སྡེ་བ་ནི་རྩེ་ཁོག་རྫོང་དང་བར་ཐག་ཅུང་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་རི་ལུང་ཞིག་ཏུ་ཆགས་ཡོད། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ཡོད་པ་དང་། མི་གྲངས་བཞི་བརྒྱ་ཞེ་གཉིས་ཡོད། དེའི་ནང་དབུལ་ཕོངས་ཁྱིམ་ཚང་སོ་དགུ་དང་མི་གྲངས་གྱ་དགུ་ཡོད།
སྡེ་སྡོད་ཧྲུའུ་ཅི་རིག་ལོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དབུལ་ཕོངས་ཁྱིམ་ཚང་ནོར་བུ་དོན་གྲུབ་ཚང་སྔོན་ཆད་ཆ་རྐྱེན་ཧ་ཅང་ཞན་ཡང་། ད་ལྟ་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་ལས་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ནས་ང་ཚོ་ནོར་བུ་དོན་གྲུབ་ཚང་གི་ཁྱིམ་དུ་སོང་བ་ན་ཁོས་བཤད་རྒྱུར།
དེང་མ་འཚོ་བར་དཀའ་ཁག་ཧ་ཅང་ཆེ། དབུལ་ཁྱིམ་དུ་བཞག་ནས་མུས་གྲུ་བཞི་བརྒྱད་ཅུ་ཅན་གྱི་ཁང་བ་ཞིག་ལས་ཡོད་པ་དང་། རྩྭ་སྲུང་དུ་བདམས་ནས་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱའི་ཟླ་ཕོགས་སྟེར་བཞིན་ཡོད། མི་རེ་ལ་རྒྱལ་ཁབ་ཀྱིས་བྱིན་པའི་སྒོར་སྟོང་དྲུག་དང་བཞི་བརྒྱ་ཡོད་པ་དེ་མཉམ་ལས་ཁང་དུ་བཞག་ན་ཡང་ཡོང་སྒོ་ཡོད་ལ། ན་ནིང་ཁྱིམ་མི་རེར་བརྒྱ་ཆའི་དགུ་ཡིས་བགོ་བཤའ་རྒྱབ། སྔོན་ཆད་དང་བསྡུར་ན་འཚོ་བ་ཡར་རྒྱས་ཆེན་པོ་བྱུང་ཡོད།
ང་ཚོ་ནོར་བུ་དོན་འགྲུབ་ཚང་དང་ཁ་བྲལ་ནས་འགྲོ་སྐབས། སྡེ་བའི་ནང་དུ་ཚོང་ཁང་ཕྱེས་ཡོད་པའི་ཨ་ཅེ་གུང་ལོ་ལ་འཕྲད་པ་དང་། ཁོ་མོས་ང་ཚོ་མཐོང་མ་ཐག དགའ་སྤྲོའི་ངང་ང་ཚོར་འཚམས་འདྲི་ཞུས་པ་དང་། མ་དྲིས་རང་བཤད་ཀྱིས་ང་ཚོར་ཁོ་མོས་སེམས་ཚོར་བརྗོད་བྱུང་།
དེང་སང་གོང་གི་བཀའ་དྲིན་ལ་དངོས་གནས་ཁ་རྒྱབ་ཀྱི་གནད་དོན་ཐག་བཅད་ཡོད་ནི་རེད། དེང་མ་རུ་བ་སྤོར་དགོས་པ་དང་ཁུར་བོ་འཁུར་དགོས། རླངས་འཁོར་དང་འཕྲུལ་རྟ་ཞིག་གཏན་ནས་མཐོང་རྒྱུ་ཡོད་ནི་མ་རེད། དེང་སང་རླངས་འཁོར་དང་འཕྲུལ་རྟ་སོགས་གང་དགོས་ཅི་མཁོ་ཡོད་པས། དངོས་གནས་སྐྱིད་པོ་རེད། དེང་མ་སྦྲ་ནང་དུ་ཇ་ཞིག་འཐུང་ན་ཡང་རླུང་གཡུག་ལ་དཀར་ཡོལ་ནང་དུ་ས་བཏབ་ཡོང་བ་རེད། དེང་སང་ཁང་བ་བཟང་ནི་རེད། དེང་མ་བྱིས་པ་སློབ་གྲྭ་བསྐྱལ་སྐབས་ཆར་འབབ་པ་དང་ཙག་ཆེ་བ་གང་ཡིན་རུང་རྐང་ཐང་དུ་བགྲོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཡི་བཀའ་དྲིན་ལ་བྱིས་པ་སློབ་གྲྭ་བསྐྱལ་བར་འཕྲུལ་རྟ་དང་རླངས་འཁོར་བསྐོར་ནས་བསྐྱལ་བཞིན་ཡོད། དེང་མ་ད་ལྟའི་འཚོ་བ་འདི་ལྟ་བུ་ཞིག་རྨི་ལམ་དུ་ཡང་རྨིས་མ་མྱོང་།
རི་འཛོམས་སྡེ་བ་དེ་མཐའ་འཁོབ་ཀྱི་གནས་ཤིག་ཏུ་ཡོད་ཀྱང་། དབུལ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་ས་གནས་གཞན་ལས་བཟང་བ་དང་། དབུལ་ཕོངས་ཁྱིམ་ཚང་དག་ལ་ངེས་པ་དོན་གྱི་ཁེ་ཕན་ཐོབ་ནས་དབུལ་ཐར་བྱུང་ཡོད།
ལོ་འགའི་ཡར་སྔོན་དུ་རི་འཛོམས་སྡེ་བའི་རྣམ་པ་ད་ལྟའི་འདི་འདྲ་ཞིག་མ་ཡིན་ཞིང་། ཕྱུགས་ལས་ནི་སྡེ་བ་འདིའི་ཐོན་ལས་གཙོ་བོ་ཡིན་ཡང་། དུས་ཡུན་རིང་བོར་འབྲོག་པ་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་རྣམ་པས་རང་རང་སར་ཕྱུགས་འཚོ་སྐྱོང་བྱས་པ་ལས། ཕྱུགས་ཟོག་གི་ཁ་གྲངས་ཚད་ལས་བརྒལ་བ་དང་། རྩྭ་ས་ཉམས་ཞན་དུ་གྱུར་རྐྱེན་མང་ཚོགས་ཀྱི་འཚོ་བར་ཡོངས་ཁྱབ་ཏུ་དཀའ་ཁག་ཆེན་པོ་མངོན། སྡེ་སྡོད་ཧྲུའུ་ཅི་སོགས་འབྲེལ་ཡོད་མི་སྣས་དབུལ་སྐྱོར་དམངས་ཕན་སྲིད་ཇུས་སྣ་ཚོགས་ཡང་ཡང་དྲིལ་སྒྲོག་བྱས་སྟབས། མང་ཚོགས་མི་ཉུང་བ་ཞིག་ལ་ཕྱུགས་གང་འདོད་དུ་འཚོ་མི་རུང་བ་དང་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྐྱོང་གི་ཐབས་དེ་མྱུར་དུ་བསྒྱུར་དགོས་པའི་ངེས་ཤེས་བྱུང་སྟེ། ཉིས་སྟོང་བཅོ་བརྒྱད་ལོར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཕྱུགས་ཟོག་དང་རྩྭ་ས་མཉམ་ལས་ཁང་དུ་བཞག་རྗེས། ད་ལྟ་སྡེ་བ་འདིའི་སྡེ་མི་ཕྱེད་ཀའི་ཡན་གྱིས་འུར་ཆ་བསྐྱུར་ནས་ཞོར་ལས་བཙལ་བའམ་ཚོང་ལས་ཙག་ཙིག་གཉེར་ནས་ཕྱུག་འགྱུར་གྱི་ལམ་བུ་གསར་བ་ཞིག་ཏུ་སྙེག་བཞིན་མཆིས། རི་འཛོམས་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོ་གཞོན་པ་པད་མ་སྐྱབས་ཀྱིས་མཉམ་ལས་ཁང་གི་གནས་ཚུལ་མཚམས་སྦྱོར་བྱས།
མཉམ་ལས་ཁང་དུ་ཁྱིམ་ཚང་བརྒྱད་ཅུ་ཞུགས་ཡོད་པ་དང་། མི་གྲངས་སུམ་བརྒྱ་བཅུ་གསུམ་ཡོད། ས་མུའུ་ཁྲི་གསུམ་དང་སྟོང་གཅིག་ལྔ་བརྒྱ་དགུ་བཅུ་མ་རྐང་དུ་བཞག་ཡོད་ལ། མཉམ་ལས་ཁང་གི་གསོ་སྤེལ་ལྟེ་གནས་སུ་ས་མུའུ་ཉིས་བརྒྱ་ཡོད་པ་དང་། ཕྱུགས་ཁང་དྲུག་ཡོད་ལ་མུས་དྲུག་བརྒྱ་དྲུག་ཅུ་ཅན་གྱི་མཛོད་ཁང་ཞིག་ཡོད། མགོ་ལོག་ཁུལ་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། རྨ་ཆུའི་བ་ཡན་ནོར་གནག་གི་རྒྱུད་བཅས་ཕྱུགས་ཟོག་སུམ་བརྒྱ་དང་དྲུག་ཅུ་ནང་འདྲེན་བྱས། དང་ཐོག་ཉམས་མྱོང་མེད་པོ་མེད་པས་དཀའ་ལས་མང་པོར་འཕྲད་པ་དང་། དེང་སྐབས་རྩེ་ཁོག་རྫོང་གི་སྡེ་བའི་མཉམ་ལས་ཁང་གི་རྩེ་གྲས་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད་སྐབས་ལྔ་བའི་རྩེ་ཁོག་རྒྱུད་བཟང་ནོར་ནག་འགྲེམ་སྟོན་དཔྱད་བསྡུར་བྱ་འགུལ་ཁྲོད་ཕུལ་བྱུང་བྱ་དགའ་ཡང་ཐོབ། 2019ལོར་མང་ཚོགས་ལ་སྒོར་འབུམ་གཅིག་དང་ཁྲི་གཉིས་ཀྱིས་བགོ་བཤའ་རྒྱབ་པ་དང་། 2020ལོར་སྒོར་འབུམ་གཉིས་ནས་འབུམ་གཉིས་དང་སྟོང་ལྔ་ཡི་བགོ་བཤའ་རྒྱག་རྒྱུའི་འཆར་གཞི་ཡོད། ལོ་ལྔའི་སྔོན་དང་དེང་སྐབས་གཉིས་བསྡུར་ན་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
སྡེ་སྡོད་ཧྲུའུ་ཅི་དང་པོ་རིག་ལོ་ཉིས་སྟོང་བཅོ་བརྒྱད་ལོར་རི་འཛོམས་སྡེ་བར་ཡོང་བའི་ཚུན་ལ། སྒེར་སེམས་མེད་པར་སྡེ་བ་སྤྱི་དང་ཁྱད་པར་དུ་དབུལ་ཕོངས་མང་ཚོགས་དག་ལ་རོགས་སྐྱོར་གང་ལེགས་བྱས་ཤིང་། གོང་རིམ་གྱི་དབུལ་སྐྱོར་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ཏེ་མང་ཚོགས་ལ་ཕན་ཐོགས་ཆེན་པོ་བསྐྲུན་པས་རི་འཛོམས་སྡེ་བའི་ཕོ་མོ་རྒན་གཞོན་ཀུན་གྱིས་བསྔགས་བརྗོད་ཚད་མེད་བྱེད་བཞིན་ཡོད། རི་འཛོམས་སྡེ་བའི་ཧྲུའུ་ཅི་རྡོ་བོ་ཡིས་བཤད་རྒྱུར།
སྡེ་སྡོད་ཧྲུའུ་ཅི་དང་པོའི་བཀའ་དྲིན་ལ་ད་ལྟ་རི་འཛོམས་སྡེ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། རྒྱུན་དུ་ངལ་གསོ་ཅི་ཡང་མེད་པར་ཁྱིམ་ཚང་རེ་རེར་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་ཡོད། མང་ཚོགས་རྣམས་ཀྱི་སེམས་སུ་ཡང་སྡེ་སྡོད་ཧྲུའུ་ཅི་དང་པོའི་བཀའ་དྲིན་ལ་ཆུ་གཙང་མ་འཐུང་ཐུབ་བྱུང་ཞེས་དྲན་བཞིན་ཡོད། ལོ་ཕྱེད་ཀྱི་རྗེས་སུ་ཁོ་རང་ལས་འཁྱུར་ངལ་གསོ་བྱེད་ཀྱིན་ཡོད་ལ། སྡེ་དམངས་རྣམས་ཀྱི་ཚབ་བྱས་ཏེ་གོང་རིམ་ལ་ཡར་ཞུ་བྱས་པས། གོང་རིམ་གྱིས་དང་ལེན་བྱས་པས་ཁོས་ང་ཚོར་མུ་མཐུད་དུ་ཞབས་ཞུ་སྒྲུབ་བཞིན་ཡོད། དེང་སྐབས་འཚོ་བ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་འགྲོ་བཞིན་པ་ནི་སྡེ་སྡོད་ཧྲུའུ་ཅི་དང་པོའི་བཀའ་དྲིན་ཡིན།
ཉེ་བའི་ལོ་འགའི་རིང་ལ་རི་འཛོམས་སྡེ་བའི་སློབ་མ་རེ་འགས་སློབ་ཆེན་དུ་རྒྱུགས་འཕྲོད་པ་མ་གཏོགས་སྔོན་ཆད་སྡེ་བ་འདིར་ལས་བྱེད་པ་གཅིག་ཀྱང་མེད། དེ་ནི་གཙོ་བོ་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ཅུང་རྗེས་ལུས་ཡིན་པ་དང་མང་ཚོགས་ཀྱི་འཚོ་བར་དཀའ་ཁག་ཅུང་ཆེ་བས་རེད། ལོ་འདི་འགར་གོང་རིམ་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་ནས་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་ཡོད་པ་དང་། སློབ་གསོ་ཡིས་འཚོ་བའི་རྣམ་པ་བསྒྱུར་བའི་སེམས་ཤུགས་ཆེས་ཆེར་རྒྱས་ཡོད་ལ། ད་ལྟ་སྡེ་བ་ཧྲིལ་བོའི་ལོ་ཆུང་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་བརྒྱར་སླེབས་ཡོད། སྡེ་སྡོད་ཧྲུའུ་ཅི་སོགས་ཀྱིས་གྲོས་འདོན་དང་སྣེ་ཁྲིད་བྱས་པ་བརྒྱུད་སློབ་ཆེན་དུ་རྒྱུགས་འཕྲོད་པའི་སློབ་མར་སྡེ་བ་ཡོངས་ཀྱིས་གཟེངས་བསྟོད་བྱ་དགའ་སྟེར་བའི་གོམས་སྲོལ་བཟང་བོ་ཞིག་ཆགས་པར་བྱས་ཏེ། ལོ་ཆུང་དག་གིས་སློབ་སྦྱོང་བཟང་བོ་བྱེད་པར་སྐུལ་མ་གཏོང་བཞིན་མཆིས། དེ་ལས་གཞན་སྡེ་བ་ཧྲིལ་བོའི་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་སྡེ་མི་དག་གི་ཕྱུག་འགྱུར་གྱི་ཆོད་སེམས་བརྟན་པོ་ཡོང་བར་བྱེད་པ་དམིགས་ཡུལ་དུ་བྱས་ནས། ལོ་རེའི་དབྱར་གཞུང་གི་ནམ་ཟླ་ལེགས་པའི་ཉིན་མོ་རེ་འགར་སྡེ་བ་ཧྲིལ་བོའི་མང་ཚོགས་ལྷན་དུ་འཛོམས་ནས་སྡེ་སྟོན་ལ་རོལ་བའི་གོམས་སྲོལ་ཞིག་ཀྱང་ཉེ་བའི་ལོ་འདི་འགར་གསར་དུ་དར་ཡོད། རི་འཛོམས་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རིག་ལོས་བཤད་རྒྱུར།
རི་འཛོམས་སྡེ་བས་སྲོལ་རྒྱུན་གྱི་ཕྱུགས་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད། དེང་སྐབས་ཐོན་ལས་ལ་བརྟེན་ནས་ཡོང་སྒོ་བཙལ་བཞིན་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཛུགས་སྐྲུན་དེ་རྩ་འཛུགས་བཙུགས་ནས་སྒྲིག་ལམ་བཞག་ཡོད། དང་ཐོག་རྒྱལ་ཁབ་ཀྱིས་སྒོར་འབུམ་བཞི་བཏང་བ་དང་དེ་རྩེ་ཁོག་རྫོང་གི་མཐུན་ཚོགས་སུ་བཞག་ཡོད། ན་ནིང་དེའི་བགོ་བཤའ་སྒོར་ཁྲི་གསུམ་ཡོད་པ་དང་། དེ་གཙོ་བོ་ཁྱིམ་ཚང་དབུལ་བོ་དང་ཏང་ཡོན་རྒན་པར་འཚམས་འདྲི་བྱེད་པ། སྤྱི་ཕན་གྱི་ཕྱོགས་སུ་བཀོལ་བཞིན་ཡོད། ད་ལོ་ནད་ཡམས་ཀྱི་སྐབས་སུ་ཡང་མ་དངུལ་དེ་བཀོལ་ནས་སོ་སྲུང་གི་ཕྱོགས་སུ་བཀོལ་བ་ཡིན། སྡེ་བའི་ནང་དུ་སྒོར་འབུམ་དྲུག་བཏང་ནས་གཙོ་བོ་ཕྱུགས་ལས་ཐོན་རྫས་ཚོང་ལས་ཀྱི་ལམ་དུ་གཏོང་རྒྱུ་དེ་ཡིན། མར་དང་ཆུར་བ། འོ་མ། དེ་མིན་རྩིད་པ་དང་ཁུལ་བཅས་སྡེ་བའི་ནང་དུ་ཚན་ཁག་གསུམ་དུ་བགོས་ནས་གཉེར་བཞིན་ཡོད། ད་ལོར་གོང་རིམ་ནས་སྒོར་འབུམ་ལྔའི་མ་དངུལ་བྱིན་པ་དང་། དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མིང་ཐོག་ནས་ཕྱུགས་ལས་མཉམ་ལས་ཁང་དུ་བཞག་པ་དང་། དེའི་ཡོང་སྒོ་ཕྱིར་སྡེ་བའི་མང་ཚོགས་ལ་སྟེར་བཞིན་ཡོད་པས། སྡེ་བའི་ནང་དུ་དབུལ་ཐར་བྱས་ཡོད་པ་རྣམས་ཡང་བསྐྱར་དབུལ་བོར་མི་འགྱུར་བ་སྔོན་འགོག་བྱེད་ཆེད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ཡོང་སྒོ་བརྩོན་ལེན་དང་མ་འོངས་བར་འཆར་གཞི་ཆེན་པོ་འཇོག་བཞིན་ཡོད།
རི་འཛོམས་སྡེ་བའི་སྡེ་མི་ཡོངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་འཚོ་ཐབས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སྡེ་བའི་འགོ་ཁྲིད་དང་མང་ཚོགས་གང་ཡིན་ཡང་ཁ་མཚུངས་གྲོས་འགྲིག་ཡིན་ཞིང་། སྡེ་བའི་བྱ་བ་ཆེ་མ་ཆུང་གསུམ་ཀུན་ལ་ཚང་མས་གྲོས་ཁ་བསྡུར་ནས་ཐག་གཅོད་བྱེད་པ་དང་། རུ་ཁ་ཁྱིམ་མཚེས་བར་ཕན་ཚུན་རོགས་རེས་དང་འཆམ་མཐུན་མཉམ་གནས་བྱེད་པའི་སྡེ་བ་མགོ་རྔ་ཅན་ཞིག་ཏུ་གྱུར་ཡོད་ལ། སྡེ་བའི་མང་ཚོགས་དག་ཁ་ལེན་བརྩི་སྒོ་ཆེ་བར་མངོན། ད་ལྟ་རི་འཛོམས་སྡེ་བ་དེ་རྩེ་ཁོག་རྫོང་གི་འཕེལ་རྒྱས་ཅུང་མགྱོགས་པའི་སྡེ་བའི་གྲས་སུ་ཚུད་ཡོད་པ་དང་། འབྱོར་འབྲིང་གི་ལམ་ཁ་ཡངས་པོར་གོམ་སྟབས་བརྟན་པོས་སྐྱོད་བཞིན་འདུག
གསར་འགོད་པ། ཕྱུག་ལོ། བསོད་ནམས་ཚེ་རིང་། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།