ད་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་འཛད་སྤྱོད་དབུལ་སྐྱོར་དང་གློག་རྡུལ་ཚོང་དོན་དབུལ་སྐྱོར་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། དབུལ་སྐྱོར་ཁེ་ལས་དང་དབུལ་ཕོངས་མང་ཚོགས་བར་འབྲེལ་ཟམ་བསྐྲུན་པ་དང་། ཞིང་ཕྱུགས་ཐོན་རྫས་གཅིག་བསྡུས་ཁྱབ་གདལ་དང་འགྲེམ་སྟོན། ཕྱིར་འཚོང་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་།
མིག་སྔའི་བར། རིགས་སོ་སོའི་སྤྱི་སྟེགས་ཀྱི་ཞིང་ཕྱུགས་ཐོན་རྫས་དང་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་འབུམ་བདུན་དང་ཁྲི་གཉིས་སྟོང་བཞི་ལ་སླེབས་ཡོད། དབུལ་སྐྱོར་འཛད་སྤྱོད་སྤྱི་སྟེགས་བརྒྱད་བརྒྱ་སོ་གཉིས་ཀྱིས་ཧུར་ཐག་གིས་དབུལ་སྐྱོར་ཐོན་རྫས་ཡིག་ཐོག་སྙན་ཞུ་བྱས་པར་མ་ཟད། ཁེ་ལས་ལ་སྐུལ་ཁྲིད་བྱས་ཏེ་ཁེ་ལས་བཅུ་དྲུག་གི་ཐོ་འགོད་ཡོངས་འགྲུབ་བྱས་པ་དང་། ཅིན་ཏུང་དང་ཀོས་ནན་གློག་རྡུལ་ཚོང་དོན་སྤྱི་སྟེགས་སོགས་སུ་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་བྱས་ཏེ་ཚོང་གཉེར་མ་དངུལ་སྒོར་འབུམ་ལྔ་དང་ཁྲི་གཉིས་སྟོང་ལྔ་ལ་སླེབས། སྔ་གཞུག་ཏུ་ཁེ་ལས་བཅུ་བདུན་རྩ་འཛུགས་ཀྱིས་ཅང་སུའུ་དབྱང་ཀྲིག་སོགས་ས་ཁུལ་དུ་སོང་ནས་དབུལ་སྐྱོར་ཐོན་རྫས་འགྲེམ་འཚོང་ཚོགས་འདུར་ཞུགས་པ་དང་། སྤུས་ལེགས་ཐོན་རྫས་འགྲེམ་སྟོན་བྱས་ཏེ་ཉིན་རེའི་ཕྱིར་འཚོང་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་དྲུག་ལ་སླེབས། དེར་མ་ཟད། ཀོས་ནན་རྫོང་གི་ཁེ་ལས་སུམ་ཅུ་དང་ཆེད་ལས་མཉམ་ལས་ཁང་ལྔ་རྩ་འཛུགས་བྱས་ཏེ་མཚོ་ལྷོ་ཁུལ་དབུལ་སྐྱོར་ཐོན་ལས་གླིང་ཀོས་ནན་འགྲེམ་ཁུལ་དུ་འགྲེམ་སྟོན་ལ་ཞུགས་པ་དང་། ཁྱད་ལྡན་ཐོན་རྫས་དང་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་བཞི་སྟོང་གཉིས་ལ་སླེབས།
རྒྱུས་ལོན་བྱུང་བ་ལྟར་ན། ཀོས་ནན་རྫོང་གིས་དབུལ་སྐྱོར་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ་དང་། དབུལ་སྐྱོར་ཐོན་རྫས་ཁྲོམ་རར་བསྐྱོད་པར་མགྱོགས་མྱུར་སྐུལ་འདེད་བཏང་བར་མ་ཟད། འཛད་སྤྱོད་དབུལ་སྐྱོར་ཕན་ནུས་དང་དབུལ་སྐྱོར་ཐོན་རྫས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་བཏང་སྟེ་འཛད་སྤྱོད་དབུལ་སྐྱོར་གྱི་དངོས་ཡོད་འགུལ་སྤྱོད་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།
ལོ་ཙཱ་བ་ལྷ་མོ་ཚེ་རིང་།