གསེར་གྱི་ཞུན་མས་ཀུན་ནས་བྱུགས་པའི་སྟོན་ཁའི་རྩྭ་ཐང་ནི་འཆར་ཡན་གྱིས་ཕྱུག་པའི་རྟོག་བཟོའི་འཇིག་རྟེན་ཞིག་དང་འདྲ་ཞིང་། རྩྭ་ཐང་ཡངས་པོའི་སྲོག་རྩ་དང་འདྲ་བའི་རྟ་ནོར་ལུག་གསུམ་གྱིས་རི་ལུང་ཐང་གསུམ་གསོན་ཉམས་ཀྱིས་ཁེངས་པར་བྱས་འདུག དབུལ་ཐར་གྱི་བསིལ་རླུང་དྲོན་མོ་མཐོ་སྒང་དུ་དལ་གྱིས་ལྡང་བ་དང་བསྟུན་ནས། རང་ཞིང་གི་ཐོག་མར་དབུལ་ཐར་བྱས་པའི་རྫོང་ཁག་གི་ཁོངས་སུ་གཏོགས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པར་བྱེད་ཆེད། ཐབས་ཇུས་རབ་དང་རིམ་པ་བཏོན་ནས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཇེ་ཆེ་ནས་ཇེ་ཆེར་བཏང་འདུག
ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་སྤྱིའི་རྒྱ་ཁྱོན་ལ་མུའུ་སོ་ལྔ་ཡོད་ཅིང་རྫོང་མཁར་ནུབ་ངོས་ཀྱི་གཞུང་ལམ་གཙོ་བོའི་འགྲམ་དུ་ཆགས་པའི་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་གླིང་འཛུགས་སྐྲུན་བྱས་པ་དང་། ཐོན་ལས་གླིང་གི་རྨང་གཞིའི་ཆ་རྐྱེན་བཟང་བོ་དང་འཐུས་སྒོ་ཚང་བའི་ཞབས་ཞུའི་འགན་སྲུང་། ཧི་ནན་རྫོང་མཁར་ཉེ་འདབས་ཀྱི་ངལ་རྩོལ་པ་ལྷག་མ་བཅས་ཀྱི་ཁྱད་སྟོབས་ལ་བརྟེན་ནས། ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་སོགས་ས་གནས་རང་གི་སྐད་གྲགས་ཆེ་བའི་དབུལ་སྐྱོར་ཐོན་ལས་ཆེན་པོ་བརྒྱད་ནང་འགུག་བྱས་པ་དང་། དྲ་ཐོག་ནས་ཐད་གཏོང་དང་ཕྱིར་འཚོང་བྱེད་པའི་ཐབས་ཀྱིས་གནས་སྤོར་མང་ཚོགས་དང་རྫོང་རང་གི་ལས་སྐྲུན་པའི་ལས་སྐྲུན་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱེད་དུ་བཅུག་པ་དང་། ཁྱད་ལྡན་ཐོན་ལས་སྣ་ཚོགས་ཀྱི་ཁྱད་སྟོབས་འདོན་དུ་བཅུག་སྟེ་ས་གནས་ཐོན་ལས་ལ་སྐུལ་ཁྲིད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས། དེའི་ཐད་ནས་ཧི་ནན་སོག་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་དབང་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར།
༼ཧི་ནན་སོག་རྫོང་ལ་མཚོན་ན། ཉིས་སྟོང་བཅུ་དྲུག་ལོར་དབུལ་ཐར་བྱས་པའི་རྫོང་ཞིག་རེད། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་སྟེ་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་བསྒྲུབས་ནི་རེད། དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ན། ཐོན་ལས་དང་ལས་ཞུགས་ཀྱི་བྱ་བ་འདི་བྱེད་ཐབས་གཙོ་བོ་རེད། དེར་དམིགས་ནས་ཧི་ནན་རྫོང་གིས་ཀྱང་ཉིས་སྟོང་བཅུ་བདུན་ལོར་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་བཏང་ནས་ཐོན་ལས་གླིང་འདི་འཛུགས་སྐྲུན་བྱས་པ་རེད། ད་སྔའི་ཡན་ལ་ཁེ་ལས་བརྒྱད་ཙམ་ཐོན་ལས་གླིང་འདིར་སྤོར་དུ་བཅུག་ཡོད། ཁེ་ལས་དག་ལ་སྐུལ་སློང་བྱས་ནས་རྫོང་ཐོག་ཏུ་གནས་སྤར་ཡོད་པའི་ངལ་རྩོལ་པར་ལས་ཀ་བཀོད་སྒྲིག་བྱེད་པ་ཡིན། ལོ་གཅིག་དང་ཕྱེད་ཀ་ཙམ་འགོར་བའི་རིང་ལ། དབུལ་ཁྱིམ་བཞི་བརྒྱ་ལྷག་ལ་རོགས་སྐྱོར་བྱས་ཡོད། དེའི་ཞོར་དུ་དབུལ་ཁྱིམ་ཀྱི་ངལ་རྩོལ་པ་བརྒྱ་དང་བཞི་བཅུ་ལྷག་བཀོད་སྒྲིག་བྱས་ཡོད། མ་འོངས་པ་ན་ཐོན་ལས་མང་བོ་གནས་འདིར་སྤར་ནས་གླིང་འདི་རྒྱ་ཆེར་འཛུགས་སྐྲུན་བྱས་ཏེ། ན་གཞོན་ལས་སྐྲུན་མཁན་ལ་ཚོང་གཉེར་གྱི་གོ་སྐབས་སྟེར་བ་དང་། ཞོར་དུ་དབུལ་ཕོངས་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཁོ་ནར་བརྟེན་ནས་དབུལ་ཐར་བྱེད་འདོད་པའི་བསམ་པ་དེ་བསྒྱུར་ནས། རང་གི་རྩོལ་བ་ལ་བརྟེན་ནས་ལས་ཀ་གཉེར་ན། ད་གཟོད་འབྱོར་འབྲིང་སྤྱི་ཚོགས་སུ་བགྲོད་ཐུབ་པ་དང་། ཁོ་ཚོས་ཀྱང་རང་ཉིད་ཀྱི་ནུས་པར་བརྟེན་ནས་རང་གི་ཡོང་སྒོ་འཕར་བ་དང་འཚོ་བ་ཡར་རྒྱས་སུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་ཀི༽
ཧི་ནན་སོག་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་དབང་ཆེན་རྣམ་རྒྱལ་གྱིས་བཅར་འདྲི་དང་ལེན་བྱས།
ང་ཚོ་བཅར་འདྲིའི་ཚན་ཁག་ཐོན་ལས་གླིང་དེར་ཐོན་པ་ན། ཐོན་ལས་གླིང་དེ་ནི་ས་རྒྱ་ཆེ་ཞིང་སྒྲིག་བཀོད་ཆ་ཚང་ཡིན་ལ། བལྟས་པ་ཙམ་གྱིས་སྒེར་གཉེར་ཁེ་ལས་སྟོབས་ཆེན་འགའ་གནས་དེར་འདུས་ཡོད་པ་ཤེས་ཐུབ། ཉིས་སྟོང་བཅུ་བདུན་ལོར་གསར་འཛུགས་བྱས་པའི་ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་དེ་ཐོན་ལས་གསོ་སྐྱོང་གླིང་དེར་ཡོད། ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི་ཐོན་ཁུངས་ཁྱད་སྟོབས་ལ་བརྟེན་ནས་བོད་ཁུལ་གྱི་ཐོན་ཁུངས་ལས་སྣོན་ལ་སྐུལ་ཁྲིད་བྱེད་པ་དང་ཚན་རྩལ་གྱི་འདུས་ཚད་མཐོ་བའི་མི་རིགས་བྱིས་པའི་ཐོན་རྫས་ཀྱི་གསར་སྤེལ་དང་ཐོན་སྐྱེད། ཕྱིར་འཚོང་བཅས་གཞི་གཅིག་ཏུ་གྲུབ་པའི་ཐོན་ལས་ཅན་གྱི་ཚན་རྩལ་མཐོན་པོའི་ཁེ་ལས་ཤིག་ཡིན་པ་དང་། ཁེ་ལས་དེ་ཡིས་མི་རིགས་ཀྱི་ཐོན་རྫས་གསར་གཏོད་དང་ལྷད་མེད་བདེ་ཐང་གི་འདུ་ཤེས་གཙིགས་སུ་བཟུང་ཞིང་། ལུག་བལ་དང་ཁུལ་ལུ་སོགས་འབྲོག་ཁུལ་གྱི་རང་བྱུང་སྐྱེ་ལྡན་ཐོན་ཁུངས་བེད་སྤྱད་པ་དང་། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་བྱས་ཏེ། བོད་དང་སོག་པོའི་མི་རིགས་གྱོན་ཆས་སྣ་ཚོགས་དང་ཉལ་ཐུལ། བྱིས་པའི་མལ་སྟན། དེ་མིན་མི་རིགས་མཁོ་ཆས་དང་བྱིས་པའི་རྩེད་ཆས་སོགས་ཐོན་རྫས་མང་བོ་ཞིག་ཇུས་འགོད་དང་ཐོན་སྐྱེད་བྱས་པ་དང་། སྤུས་ལེགས་གོང་བདེའི་ཐོན་རྫས་དེ་དག་ལ་འཛད་སྤྱོད་པས་གདེང་འཇོག་དང་བསྟོད་བསྔགས་ཆེས་ཆེར་ཐོབ་འདུག ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་གཞོན་པ་ཆོས་སྐྱིད་སྒྲོལ་མ་ཡིས་བཤད་རྒྱུར།
༼ངེད་ཨ་མའི་འོ་སྤྱི་གཉེར་ཁང་འདི་ནི་གཙོ་བོ་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་བདེ་ཐང་གཙིགས་སུ་བཟུང་སྟེ། མཐོ་སྒང་གི་བལ་དང་ཁུ་ལུ་བཀོལ་ནས་བྱིས་པའི་ཉལ་ཆས་ལས་སྣོན་བྱེད་པའི་བཟོ་གྲྭ་ཞིག་ཡིན། ང་ཚོས་རང་གི་ཐོན་རྫས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་རབ་འབྲིང་མང་བོ་ཞིག་ལས་ཡོད། ལོ་རེ་བཞིན་དུ་བྱ་འགུལ་དང་ཚོགས་འདུ། བཤམས་སྟོན། ཟབ་སྦྱོང་སོགས་མང་བོར་ཞུགས་བཞིན་ཡོད། ན་ནིང་བུད་མེད་དག་ལ་དམིགས་ཤིང་ཕྱི་ནས་དགེ་རྒན་གདན་ཞུ་བྱས་ཏེ། བུད་མེད་ལྔ་བཅུ་ལྷག་ལ་ལག་རྩལ་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་ཡིན། དེའི་ཕན་ཆད་ནས་དབུལ་ཕོངས་ཁྱིམ་ཚང་བཅུ་བདུན་གྱི་མི་གྲངས་དོན་གཉིས་ལ་ན་ནིང་སྒོར་ཁྲི་དྲུག་བདུན་ཙམ་གྱིས་རོགས་རམ་བྱས། ལས་བཟོ་བ་བསྡུ་སྐབས་ཀྱང་དབུལ་ཕོངས་ཁྱིམ་ཚང་གི་མི་བསྡུ་བཞིན་ཡོད། ད་ལོར་མི་བཅུ་ལྷག་བསྡུ་རྒྱུ་ཡིན་པ་དང་། སང་ལོ་ནས་འབྲོག་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་དག་ལ་རང་གི་ཆ་རྐྱེན་དང་བསྟུན་ནས་རོགས་རམ་བྱེད་པའི་འཆར་གཞི་ཡོད། ངེད་སྤྱི་གཉེར་ཁང་ལ་ཧི་ནན་རྫོང་ཐོག་ན་ཆེད་འཚོང་ཁང་གཅིག་ཡོད་པ་དང་། བླ་བྲང་ན་ཆེད་འཚོང་ཁང་གཅིག་ཡོད། རྗེས་ཕྱོགས་ལྷ་ས་དང་ཁྲིན་ཏུའུ་ནས་ཆེད་འཚོང་ཁང་རེ་འཛུགས་པའི་འཆར་གཞི་ཡོད། རྫོང་དབུལ་སྐྱོར་ཅུའུ་ཡི་རྒྱབ་སྐྱོར་ཐོབ་ནས་ཐོན་རྫས་ལས་སྣོན་བྱེད་སའི་ཁང་བ་འདི་རིན་མེད་དུ་སྦྱིན་པས་ད་ལོ་ནས་གནས་འདིར་ལས་སྣོན་བྱེད་བཞིན་ཡོད། ང་ཚོའི་ཡོང་སྒོ་ཡིན་ན། ཉིས་སྟོང་བཅོ་བརྒྱད་ལོར་ཚོང་རར་ཞུགས་པ་ནས་ལོ་རེ་བཞིན་ཡོང་འབབ་ལྡབ་འགྱུར་གྱིས་འཕར་བཞིན་ཡོད། ས་ཆ་སོ་སོའི་ཆེད་འཚོང་ཁང་གི་ཡོང་འབབ་གཅིག་ཏུ་བསྡོམས་ན་ལོ་རེའི་ཡོང་འབབ་ཧ་ལམ་སྒོར་འབུམ་བརྒྱད་ཡས་མས་ཡོད་ཀི༽
ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་སྤྱི་གཉེར་པ་གཞོན་པ་ཆོས་སྐྱིད་སྒྲོལ་མ་ཡིས་གནས་ཚུལ་མཚམས་སྦྱོར་བྱས།
བྱིས་པའི་ཉལ་ཐུལ།
ཐོན་རྫས་སྣ་ཚོགས།
གྱོན་ཆས།
ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གིས་དབུལ་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དབུལ་ཕོངས་མང་ཚོགས་ལ་ཕན་རེ་འདེགས་པར་འབད་འབུངས་ཧུར་ལེན་བྱེད་བཞིན་ཡོད། ཀུང་ཟིའི་ནང་དུ་བསྡུས་པའི་ལས་བཟོ་པ་མང་ཆེ་ཤོས་དབུལ་ཕོངས་ཁྱིམ་ཚང་གི་མི་ཡིན་པ་དང་། དེ་དག་ལ་ཟླ་རེ་བཞིན་གཏན་འཇགས་ཀྱི་གླ་ཕོགས་བྱིན་ནས་འབྱོར་ཕྱུག་གི་འཚོ་བའི་ལམ་ཁར་འཁྲིད་བཞིན་པར་མ་ཟད། ལོ་རེ་བཞིན་དུ་ཚོང་རའི་དགོས་མཁོ་དང་མང་ཚོགས་ཀྱི་འདོད་བློར་བསྟུན་ནས། དབུལ་ཕོངས་ཁྱིམ་ཚང་གི་བུད་མེད་དག་ལ་དུས་ཡུན་ཐུང་བའི་རྩལ་ནུས་གསོ་སྦྱོང་ཐེངས་མང་སྤེལ་ཏེ། མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་འགྱུར་བར་ལག་རྩལ་གྱི་རྒྱབ་རྟེན་འདོན་སྤྲོད་བྱས། དེ་ལས་མང་ཚོགས་མི་ཉུང་བ་ཞིག་ལ་ངེས་པ་དོན་གྱི་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་བཟོ་བ་རྡོ་རྗེ་སྒྲོལ་མ་ཡིས་བཤད་རྒྱུར།
༼དེང་མ་རང་ཡུལ་ནས་བཟོ་ཙག་ཙིག་བྱས་པ་ཡིན་ཡང་། ཡོང་སྒོ་ཆེན་པོ་མེད་ཀི འདིར་ཡོང་ནས་ལོ་གཉིས་འགོར་སོང་། ལོ་གཉིས་རིང་ཟླ་རེར་སྒོར་སྟོང་གཉིས་དང་ལྔ་བརྒྱ་ལྷག་ཡོད་ཀི ཡོང་འབབ་བཟང་གི འཚོ་བ་ཡང་ཇེ་བཟང་དུ་སོང་ཡོད།༽
ཨ་མའི་འོ་མི་རིགས་བྱིས་པའི་ཉེར་མཁོའི་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ལྟ་བུའི་དབུལ་སྐྱོར་ཐོན་ལས་ཆུང་བ་ཇེ་མང་དུ་སོང་བ་ལས། རྫོང་ཡོངས་ཀྱི་མར་ཆུར་དང་འོ་ཞོ། བལ་ཁུལ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སྣ་ཚོགས་ཕྱིར་འཚོང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་དང་། ས་གནས་རང་གི་དབུལ་ཕོངས་མང་ཚོགས་རྣམས་དབུལ་ཐར་ཕྱུག་འགྱུར་བྱེད་པར་ཡང་ནུས་པ་ཆེན་པོ་ཐོན་འདུག་ལ། དབུལ་ཕོངས་མང་ཚོགས་དག་གིས་ཡོང་འབབ་མཐོན་པོ་ལེན་པའི་སྤོབས་པ་དང་ཡིད་ཆེས་ཀྱང་སྔར་ལས་ཇེ་ཆེར་བཏང་འདུག ཀུང་ཟི་དེའི་བཟོ་བ་ཏཱ་རེ་སྐྱིད་ལ་མཚོན་ན་ཕ་མ་གཉིས་ཚེ་ལས་འདས་སྔ་བས། རང་ཉིད་ལ་རྒྱབ་རྟེན་མེད་པར་དབུལ་ཕོངས་ཁྱིམ་ཚང་དུ་གྱུར་པ་དང་། ཀུང་སི་རུ་ལས་གཉེར་བྱས་རྗེས་ཁོ་མོ་ཡང་མ་འོངས་པའི་འཚོ་བར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་འདུག ཁོ་མོས་བཤད་རྒྱུར།
༼ང་ཡིན་ན་དབུལ་ཕོངས་ཁྱིམ་ཚང་ཞིག་གི་ཡིན། སྔོན་ཆད་ཞོར་ལས་གཉེར་ན་ལན་རེར་ཡོང་འབབ་ཡོད་ཀྱང་མཚམས་རེར་མེད་པས་དཀའ་ཁག་ཅུང་ཡོད་ཀི འདིར་ཡོང་རྗེས་ཟླ་ཕོགས་སྒོར་སྟོང་གཉིས་ཡོད་ཀི རང་གིས་བཟོས་པ་བཟང་ན་སྟོང་གཉིས་ཡན་ལོན་ཐུབ་ཀི ཁྱིམ་ཚང་གི་འཚོ་བ་ཡང་སྔོན་ཆད་ལས་ལྷག་ཏུ་ཇེ་བཟང་ལ་སོང་ཡོད།༽
བྱ་དགའི་གཟེངས་རྟགས།
ཧི་ནན་སོག་རིགས་རང་སྐྱོང་རྫོང་དེ་ཉིས་སྟོང་བཅུ་དྲུག་ལོར་དབུལ་ཐར་བྱས་པ་དང་། ཉིས་སྟོང་བཅུ་བདུན་ལོ་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཕྱོགས་ལ་རྩེ་གཅིག་ཏུ་གཞོལ་བ་རེད། ད་ལྟ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད་པ་དང་མང་ཚོགས་ཀྱི་ཕྱུག་འགྱུར་འདུ་ཤེས་ཀྱང་སྔར་ལས་ཇེ་དྲག་ཏུ་གྱུར་ཡོད་ལ། རྫོང་ཏང་ཨུ་དང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
གསར་འགོད་པ། ཕྱུག་ལོ། ཤ་བོ་རིན་མཚོ། བསོད་ནམས་ཚེ་རིང་།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།