ཇི་གིན་རི་འདབས་ཀྱི་འཚོ་བ་གསར་བ།
2020.11.06 ཁུངས། ཀློག་གྲངས། 153

རྔུལ་ཆུ་དང་འཛུམ་མདངས། རེ་སྨོན་གྱིས་བརྒྱུས་པའི་སྟོན་གཞུང་གི་ཞོགས་པ་ཞིག་ལ།  ང་ཚོ་བཅར་འདྲི་ཚན་ཆུང་ཇི་གིན་རི་འདབས་བརྒྱུད་དེ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རྫོང་མཁར་དང་བར་ཐག་སྤྱི་ལེ་བདུན་ཅུ་ཙམ་ཡོད་པའི་མཐོ་ཡུལ་མ་ཡུལ་ཚོའི་ཉིན་སེར་སྡེ་བར་ཆས་པ་ཡིན། ལམ་བར་ནས་མཐོང་སྣང་དུ་གྱུར་བའི་ཡངས་པའི་རྩྭ་ཐང་གི་མཛེས་ལྗོངས་དང་བག་ཡངས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་ནི་རི་མོ་མཁན་གྱི་སྨྱུག་རྩེ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཤིག་དང་གཉིས་སུ་མ་མཆིས།

ཉིན་སེར་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་ལ། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱ་དང་ང་གསུམ་དང་། མི་གྲངས་བདུན་བརྒྱ་བཅུ་དྲུག་ཡོད། དེའི་ནང་དབུལ་ཕོངས་ཁྱིམ་ཚང་སོ་དྲུག་དང་མི་གྲངས་བརྒྱ་དང་ང་གསུམ་ཡོད། ང་ཚོ་སྡེ་བ་དེར་ཐོན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བཀྲ་ཤིས་དབང་ཕྱུག་ཚང་ནི་དབུལ་ཕོངས་ཁྱིམ་ཚང་སོ་དྲུག་གི་གྲས་ཡིན་པ་ཤེས་ནས་ང་ཚོ་སྡེ་བའི་ཧྲུའུ་ཅི་ཚེ་དབང་རིག་འཛིན་དང་ལྷན་དུ་སྡེ་མི་བཀྲ་ཤིས་དབང་ཕྱུག་གི་ཁྱིམ་དུ་སོང་བ་ཡིན། ཁོ་ཚང་དུ་ཐོན་ལ་ཉེ་བའི་སྐབས་སུ། མིག་ལམ་དུ་མངོན་ཡོང་བ་ནི་སོག་གུར་གཉིས་དང་དེའི་འགྲམ་དུ་བཞག་ཡོད་པའི་རླངས་འཁོར་དང་འཕྲུལ་རྟ། དེ་མིན་ཐག་མི་རིང་བའི་རྩྭ་རའི་ནང་དུ་ཡོད་པའི་ནོར་ལུག་དག་རེད། དེ་ལས་ཀྱང་ཁོ་ཚང་གི་འབྱོར་བ་བཟང་བ་ཤེས་ཐུབ། ང་ཚོ་ཁོ་ཚང་གི་སྒོ་ཁར་ཐོན་པ་ན་ཁྱིམ་བདག་མ་རྡོ་རྗེ་མཁའ་འགྲོས་གདོང་ལ་འཛུམ་གྱིས་ཁེངས་ནས་ང་ཚོ་ཁྱིམ་ལ་བསུས་ཏེ་འོ་ཇ་མངར་མོས་སྣེ་ལེན་བྱས་བྱུང་། ང་ཚོས་ཁོ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན། བཀྲ་ཤིས་དབང་ཕྱུག་གིས་བཤད་རྒྱུར།

བུ་མོ་དབང་བོ་སྐྱོན་ཅན་ཡིན་པས་དབུལ་སྐྱོར་ཁྱིམ་ཚང་གི་ཁྲོད་བཞག་པ་ཡིན། དེ་སྔོན་ནོར་ཉི་ཤུ་འགའ་མ་གཏོགས་མང་པོ་མེད། རྒྱལ་ཁབ་ཀྱིས་རྫོང་ཐོག་ཏུ་ཁང་བ་ལས་པ་དང་དབུལ་སྐྱོར་མ་དངུལ་བྱིན་པས་ཁྱིམ་ཚང་གི་འཚོ་བ་ཇེ་བཟང་དུ་གྱུར་ཡོད། ད་ལྟ་ནོར་ལྔ་བཅུ་འགའ་ཡོད་པས་དེ་སྔོན་དང་བསྡུར་ན་ད་ལྟ་འཚོ་བ་ཧ་ཅང་ཇེ་བཟང་དུ་སོང་ཡོད།

བཀྲ་ཤིས་དབང་ཕྱུག་ནི་སྨྲ་བ་ཉུང་བའི་མི་ཞིག་ཡིན་པས། ཁ་བརྡ་མང་པོ་མི་བཤད། འོན་ཀྱང་། ང་ཚོས་ཁོ་ཚང་གི་ཁྱིམ་དུ་གནས་ཚུལ་རྒྱུས་ལོན་བྱས་པ་ན་འབྱོར་བ་སྔར་ལས་ཇེ་ལེགས་སུ་སོང་ཡོད་པ་ཤེས་ཐུབ། ཉིན་སེར་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་མོད། འོན་ཀྱང་སྡེ་བ་དེས་ཕྱུགས་ལས་ཁོ་ནར་མ་བརྟེན་པར་ཕྱོགས་མང་བོ་ནས་ཡོང་འབབ་འཕར་བའི་ཐབས་ལམ་འཚོལ་བཞིན་ཡོད། མཐོ་ཡུལ་མ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཏང་རྩ་འཛུགས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། དབུལ་ཕོངས་སྡེ་བའི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། སྡེ་བའི་ཐུན་མོང་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ཇི་གིན་རི་བོའི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པ་དང་། མཁོ་འདོན་མཉམ་ལས་ཁང་འཛུགས་པ། རྫོང་ཐོག་ཏུ་ཚོང་ཁང་ཉོ་བ་སོགས་ཀྱི་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བཞིན་ཡོད། དེའི་ཐད་ནས་སྡེ་བའི་ཧྲུའུ་ཅི་ཚེ་དབང་རིག་འཛིན་གྱིས་བཤད་རྒྱུར།

ང་ཚོའི་སྡེ་བའི་ཐོན་ལས་གཙོ་བོ་ནི་སྡེ་བའི་སྤྱི་སའི་སྟེང་དུ་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་མོད་པས། ལོ་རེར་སྒོར་ས་ཡ་གཅིག་དང་འབུམ་གསུམ་བྱས་ཏེ་ཕྱིར་གླ་གཏོང་བྱེད་བཞིན་ཡོད། དེ་མིན་རྫོང་མཁར་དུ་སྡེ་བའི་མ་དངུལ་བཏང་བའི་གློག་རྡུལ་ཚོང་ར་ཞིག་ཡོད་པ་དང་། ལོ་རེར་སྒོར་སྟོང་ལྔ་ལྷག་གི་ཡོང་སྒོ་ཡོད། སྡེ་བ་སྤྱིའི་རྫོང་མཁར་དུ་ཚོང་ཁང་ཞིག་ཉོས་ཡོད་པ་དང་། དེ་ལས་སྒོར་ཁྲི་དགུའི་བགོ་བཤའ་རྒྱག་ཐུབ། སྒོར་ཁྲི་དགུ་ཏེ་གཙོ་བོ་དབུལ་སྐྱོར་ཁྱིམ་ཚང་གི་སྟེང་དུ་བཀོལ་བཞིན་ཡོད། གཙོ་བོ་རྩྭ་སྲུང་དང་ནགས་སྲུང་། ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་བཅས་སུ་བདམས་ནས་ཟླ་ཕོགས་སྟེར་བཞིན་ཡོད། སྡེ་བའི་སྤྱི་ནས་གནས་ཚུལ་ཁྱད་པར་ཅན་ཡོད་པ་དང་ཚོང་ལས་ཀྱི་ཁང་བ་སོགས་ལ་གནད་དོན་ཡོད་ཚེ་དེའི་སྟེང་དུ་བཀོལ་བཞིན་ཡོད། དེ་ལྟར་བྱས་ན་ཁྱིམ་ཚང་ལ་ཕན་ཆེན་པོ་ཐོགས་པ་རེད། རང་རང་གིས་ཀྱང་ཞོར་ལས་བྱས་ཏེ་ཡོང་སྒོ་བཙལ་ན། དེང་སྐབས་སྔོན་ཆད་དང་མི་འདྲ་བར་ཁྱིམ་ཚང་རྣམས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

དབུལ་ཐར་གྱི་གྲུབ་འབྲས་དེ་དག་ལས་ཉིན་སེར་སྡེ་བའི་སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་མཚོན་ཐུབ་ལ། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་པ་ལས་ཉིན་སེར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་སོ་དྲུག་ལ་ཧི་ནན་རྫོང་མཁར་གྱི་བདེ་སྐྱིད་སྡོད་ཁུལ་ནས་ཁྱིམ་ཚང་གི་མི་གྲངས་ལྟར་གཞི་ཁྱོན་མི་འདྲ་བའི་སྡོད་ཁང་བཀོད་སྒྲིག་བྱས་ཡོད། ང་ཚོ་རྫོང་མཁར་དུ་ཡོད་པའི་བདེ་སྐྱིད་སྡོད་ཁུལ་དུ་འབྱོར་བ་ན། མིག་ལམ་དུ་མངོན་པར་གསལ་བ་ནི་སྡོད་ཁུལ་དེའི་དཀྱིལ་དབུས་ཀྱི་རྡོ་རིང་ངོས་སུ་ཡོད་པའི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་དྲོད་ཁོལ་ལྡན། ཡུལ་གཞན་གནས་སྤོར་བརྩེ་བ་ཟབ་མོས་ཁེངས་ཞེས་པའི་ཡིག་འབྲུ་དེ་དག་རེད། སྡོད་ཁུལ་དེའི་ར་སྐོར་ནང་དུ་ལུས་ཕུང་སྦྱོང་བརྡར་བྱེད་སའི་སྒྲིག་ཆས་སྣ་ཚོགས་དང་། རྒན་པའི་ངལ་གསོའི་ལྡིང་ཁང་ཡོད་པར་མ་ཟད། སྡོད་ཁུལ་གྱི་གཡས་གཡོན་ཀུན་ཏུ་ལྗང་བསྒྱུར་བྱས་པ་ཧ་ཅང་བཟང་ལ། མང་ཚོགས་སྐོར་ཞིག་གིས་ད་དུང་སྡོད་ཁུལ་དེར་གསོམ་ཤིང་གི་སྡོང་ཕྲུག་འཛུགས་པར་བྲེལ་བཞིན་ཡོད། ང་ཚོ་ཉིན་སེར་སྡེ་བའི་གནས་སྤོར་དབུལ་ཕོངས་མི་སྣ་བཀྲ་ཤིས་དབང་རྒྱལ་ཚང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན་ཁོས་བཤད་རྒྱུར།

རྩྭ་ས་དོ་དམ་པ་བྱས་ན་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པ་དང་། ལོ་གཅིག་ལ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད། སྡེ་བའི་སྤྱི་སའི་སྟེང་ཡང་ཁྱིམ་ཚང་རེའི་མི་རེར་སྒོར་སྟོང་གཉིས་ལྷག་གི་བགོ་བཤའ་རྒྱག་ཐུབ་པ་དང་། རང་སྒེར་ནས་རྩྭ་ས་བོགས་གཏོང་བྱས་ན་སྒོར་ཁྲི་གཅིག་དང་སྟོང་འགའ་ཡོད། དེ་མིན་དབྱར་རྩྭ་བརྐོ་བ་དང་ཞོར་ལས་བྱས་ན་ཡོང་སྒོ་ཡོད་པས། ལོ་གཅིག་ལ་སྒོར་ཁྲི་དྲུག་ལྷག་གི་ཡོང་སྒོ་བཙལ་ཐུབ། དེ་སྔོན་དང་བསྡུར་ན་འཚོ་བ་ཧ་ཅང་སྐྱིད་པོ་རེད། དེ་སྔོན་རང་ཉིད་ལ་ལག་རྩལ་ཆེན་པོ་མེད་པས་ཞོར་ལས་ཁོ་ན་ཙམ་ལ་བརྟེན་ན་ཡོང་སྒོ་མང་པོ་མེད་ལ་བྱིས་པ་ཡང་སློབ་གྲྭར་བསྐྱལ་དགོས། ད་སྐབས་འཚོ་བ་སྐྱིད་ལ་ཕྱོགས་གང་ཐད་ནས་སྟབས་བདེ་ཡིན་པ་དང་། རྒྱལ་ཁབ་ཀྱིས་རོགས་རམ་དང་རང་ཉིད་ཀྱི་ཡོང་སྒོ་བཙལ་བ་གཉིས་བསྣན་ན་ཧ་ཅང་བཟང་།

དབུལ་ཕོངས་མི་སྣ་དག་དང་ཁ་བརྡ་ཞིབ་ཏུ་བྱས་པ་ན་ཁོ་ཚོའི་འཚོ་བར་ངེས་པ་དོན་གྱིས་འགྱུར་ལྡོག་བྱུང་ཡོད་པ་ཤེས་ཐུབ། དབུལ་ཐར་མཁྲེགས་གཏོར་གྱི་རྨང་གཞི་ནི་ཐོན་ལས་ཡིན་པ་དང་། ཐོན་ལས་འཕེལ་རྒྱས་བྱུང་ན་ད་གཟོད་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཐུབ། རྫོང་ཏང་ཨུ་དང་སྲིད་གཞུང་། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཉིན་སེར་སྡེ་བའི་དོན་དངོས་ལ་དམིགས་ཏེ་ཞན་ཆ་གསབ་པ་དང་མང་ཚོགས་ལ་སྐུལ་སློང་བྱས་ནས། ཐོན་ལས་དར་སྤེལ་དང་ཡོང་འབབ་འཚོལ་བའི་ཐད་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས། མཐོ་ཡུལ་མ་ཡུལ་ཚོ་སྲིད་གཞུང་གི་འགོ་གཙོ་བསམ་འཕེལ་གྱིས་ཡུལ་ཚོ་སྤྱིའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་བཤད་རྒྱུར།

ང་ཚོ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ལ་མཚོན་ན། 2015ལོར་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་མགོ་བརྩམས་པ་ཡིན། མགོ་བརྩམས་ནས་ཅུང་མ་འགོར་བར2016ལོར་དབུལ་ཐར་གྱི་ཞྭ་མོ་ཕུད་པ་རེད། མཚོ་སྔོན་ཞིང་ཆེན་ལ་མཚོན་ནས་བཤད་ན་དབུལ་ཐར་གྱི་ཞྭ་མོ་ཕུད་པའི་རྫོང་ཁག་དང་པོའི་གྲས་རེད། དབུལ་ཐར་མཁྲེགས་གཏོར་གྱི་ཐད་ཀྱང་བྱ་བ་གང་མང་ཞིག་སྒྲུབ་ཡོད།མཐོ་ཡུལ་མ་ཡུལ་ཚོ་རུ་སྲིད་འཛིན་སྡེ་བ་དྲུག་ཡོད་པ་དང་དབུལ་ཕོངས་སྡེ་བ་གསུམ་ཡོད། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་ཉིས་བརྒྱ་གསུམ་དང་མི་གྲངས་བདུན་བརྒྱ་དང་གོ་གསུམ་ཡོད། གནས་སྤོར་བྱས་པའི་ཁྱིམ་ཚང་བརྒྱ་དང་ཉེར་གཅིག་ཡོད་པ་དང་། རྫོང་མཁར་དུ་གནས་སྤོར་བྱས་པའི་ཁྱིམ་ཚང་དོན་དྲུག་ཡོད། སྡེ་བ་དྲུག་གི་དབུལ་ཐར་གྱི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏང་ཆེད། ཐོན་ལས་དང་པོ་དང་གཉིས་པ། གསུམ་པར་བརྩོན་ལེན་བྱེད་བཞིན་ཡོད། ང་ཚོའི་སྡེ་བ་དྲུག་ལ་མཚོན་ན་མགྲོན་ཁང་དང་ཚོང་ལས་གཉེར་མཁན། ཚོང་ཁང་ཉོས་ཏེ་ཕྱིར་གླ་མཁན་མང་པོ་ཡོད་ལ། ནོར་ནག་དང་དངུལ་རའི་ལུག་རྒྱུད་ཇེ་ལེགས་སུ་བཏང་སྟེ་མཉམ་ལས་ཁང་སོགས་བཙུགས་ཡོད་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་མུ་མཐུད་དུ་བྱ་བ་མང་པོ་སྒྲུབ་བཞིན་ཡོད།

ཉིས་སྟོང་ཉི་ཤུ་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ལོ་ཡིན་ཞིང་། དབུལ་ཐར་བྱ་བ་ནི་དམངས་ཚིས་བདེ་སྐྱིད་ལ་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཀྱང་ཡིན་པས། ཧི་ནན་སོག་རིགས་རང་སྐྱོང་རྫོང་དང་མཐོ་ཡུལ་མ་ཡུལ་ཚོ་གང་ཡིན་ཡང་མུ་མཐུད་དུ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར། དངུལ་ལོར་དབུལ་སྐྱོར་སོགས་ཐད་ཀྱི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། གོང་རིམ་སྡེ་ཁག་སོ་སོའི་འབོད་སྐུལ་དང་ལེན་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་རྡོག་རྩ་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བཞིན་འདུག

གསར་འགོད་པ། ཕྱུག་ལོ། བསོད་ནམས་ཚེ་རིང་། ཤ་བོ་རིན་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།