སྙན་བཟང་ཡུལ་དུ་སྐྱིད་ཀྱི་ཉི་མ་ཤར།
2020.11.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 30

སྟོན་གཞུང་གི་རེབ་གོང་ནི་ས་ཆེན་གྱི་བཅུད་ལ་མཛེས་སྡུག་གི་རི་མོ་བཀྲ་བའི་འཆར་ཡན་དང་བདེ་སྐྱིད་ཀྱི་ཐང་ག་ཞིག་དང་འདྲ་ཞིང་། རྒྱལ་ཡོངས་སུ་དབུལ་ཐར་ཕྱུག་འགྱུར་དང་འབྱོར་འབྲིང་གི་འཚོ་བར་བརྩོན་པའི་ཚ་རླབས་ཤིག་རྒྱས་པའི་དེང་གི་དུས་འདིར། ཐུན་རིན་གྲོང་ཁྱེར་གྱི་རིགས་སོ་སོའི་མི་དམངས་ཀྱང་གོམ་སྟབས་ཆེན་པོས་འབྱོར་འབྲིང་གི་ཡངས་པའི་ལམ་ཁར་སྙེག་བཞིན་ཡོད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་ནས་འཚོ་བ་བདེ་སྐྱིད་ཡོང་བའི་ཐབས་ལམ་སྣ་ཚོགས་ལག་ལེན་དུ་བསྟར་བས། འབྱོར་ཕྱུག་གི་མཚོ་མོ་འཁྱིལ་བའི་དཔལ་ཡོན་གྱི་རྣམ་པ་ཤར་འདུག

ང་ཚོ་བཅར་འདྲིའི་ཚན་ཁག་གཡང་དྲུང་འཁྱིལ་བའི་རིས་སུ་མཛེས་ཤིང་དཀྱོགས་བརྒྱ་དང་བརྒྱད་ཡོད་པར་གྲགས་པའི་རྟ་འཇིང་ལ་བརྒྱུད་དེ་ཧོར་ནག་ཡུལ་ཚོའི་ཕྱོགས་སུ་ཆས་པ་ཡིན། ང་ཚོས་ཀྱག་ཀྱོག་གི་རི་ལམ་དེད་ནས་ཧོར་ནག་ཡུལ་ཚོའི་སྲིད་གཞུང་གི་ར་སྐོར་དུ་འབྱོར་བ་ན། ཧོར་ནག་ཡུལ་ཚོའི་ཧྲུའུ་ཅི་དང་ཡུལ་གཙོ་སོགས་ལས་བྱེད་པ་དག་ཚོགས་འདུར་འགྲོ་བཞིན་པ་དང་འཁེལ། ང་ཚོས་ཡོང་དོན་གྱི་གནས་ཚུལ་རགས་ཙམ་གླེང་བ་ན་རི་ཞོལ་མ་སྡེ་བའི་ཧྲུའུ་ཅི་བྱམས་མཁར་རྒྱལ་གྱིས་ང་ཚོ་ཐད་ཀར་དུ་ཀྲུང་གོའི་གནའ་གྲོང་གི་གྲས་སུ་ཚུད་ཡོད་པའི་རི་ཞོལ་མ་སྡེ་བར་ཁྲིད། རི་ཞོལ་མ་སྡེ་བར་ཐོན་པ་ན་སྲང་ལམ་གྲལ་དག་ཅིང་། སྡེ་བའི་དཀྱིལ་དབུས་སུ་ཆུ་འཁྱིལ་ཆུང་ཆུང་ཞིག་དང་མི་རབས་གསུམ་གྱི་སྡོང་རྒན་ཞིག་ཡོད་པ་དེ་སྡེ་བའི་མཚོན་རྟགས་ཤིག་དང་འདྲ། 

རི་ཞོལ་མ་སྡེ་བའི་མཚོན་རྟགས་ལྟ་བུར་གྱུར་བའི་མི་རབས་གསུམ་གྱི་སྡོང་རྒན།

རི་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་མཁར་རྒྱལ་གྱིས་སྡེ་བའི་གནས་ཚུལ་དང་འབྲེལ་ནས་བཤད་རྒྱུར།

དབུལ་སྐྱོར་བྱ་བ་བསྒྲུབས་ཏེ་སྤྱི་ལེ་བཞི་བཅུ་ལྷག་ཡོད་པའི་བྱ་ཁྱུང་རྫ་འདབས་ནས་རྫ་ཆུ་སྡེ་བའི་ནང་དྲངས་ཏེ་འཐུང་ཆུའི་དཀའ་ཁག་སེལ་ཡོད་པ་དང་། དེ་མིན་གློག་ལམ་བཅོས་བསྒྱུར་བྱས་ནས་གློག་སྐུད་ཕྱི་ཤུན་ཅན་བཀོལ་གློག་གི་དཀའ་ཁག་ཀྱང་སེལ་ཡོད། ཁུལ་དང་གྲོང་ཁྱེར་རིམ་པར་ཡར་ཞུ་བྱས་ཏེ་ཉིས་སྟོང་ཉི་ཤུ་ལོར་ཁོད་ཡངས་པའི་གཞུང་ལམ་ལས་མགོ་ཚུགས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་ནས་ཆུ་གློག་ལམ་གསུམ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཡག་པོ་བྱས་ཡོད། དབུལ་ཕོངས་ཁྱིམ་ཚང་གི་ཕྱོགས་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁར་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ། སྡོད་ཁང་། མཉམ་ལས་སྨན་བཅོས། སློབ་གསོ་སོགས་ཀྱི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ངེད་ཚོ་རི་ཞོལ་མར་མཚོན་ན་ཞིང་ལས་གཙོ་བོ་རེད། ས་ཞིང་ཐམས་ཅད་གཅིག་བསྡུ་བྱས་ཏེ། ཞིང་འདེབས་པ་དང་ལོག་བརྒྱག་པ། ཞིང་འབྲེག་པ་སོགས་ཕྱོགས་གང་ཐད་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད་ལ། མང་ཚོགས་ཚང་མ་ཕྱི་ལ་ཞོར་ལས་སོང་ཡང་རང་གི་ས་ཞིང་ལ་སེམས་ཁུར་མི་དགོས། ཡར་སྔོན་ནས་དཀར་དང་ཡུང་རིལ། ལོག་དཀར་གཙོ་བོར་འདེབས་པ་ཡིན། ནས་དཀར་འདི་ཚོང་རར་བཙོང་ན་རིན་གོང་དམའ་བས། ད་ལོར་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པའི་བཀོད་སྒྲིག་ལྟར་ནས་ནག་བཏབ་པ་ཡིན། མུའུ་གཅིག་ལས་རྒྱ་མ་བཞི་བརྒྱ་ཐོན་ཐུབ་ཡོད་པ་དང་། ཕྱིར་འཚོང་ཐད་ནས་ཀྱང་རྒྱ་མ་རེར་སྒོར་དྲུག་ལ་འཚོང་ཐུབ་ངེས་རེད། ཕྱིར་འཚོང་གི་སྒོར་མོ་དེས་མང་ཚོགས་ལ་བགོ་བཤའ་བརྒྱག་གི་ཡོད། སྔོན་ཆད་སྡེ་བ་འདིར་མཚོན་ན་ཆུ་གློག་ལམ་གསུམ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་གང་ཐད་ནས་ཞན་ནི་རེད། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་སྡེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་གང་ཡིན་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་ནི་རེད། མང་ཚོགས་ཀྱིས་ཀྱང་དེ་སེམས་ནས་ཚོར་ནས་ཡོད།

སྡེ་མིའི་དོན་ལ་ནམ་ཡང་སུན་པ་མེད། 

རི་ཞོལ་མ་སྡེ་བ་ནི་ཞིང་ལས་ཁོ་ན་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྔོན་ཆད་འཐུང་ཆུ་ཧ་ཅང་དཀོན་ཡང་།ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་དོན་དངོས་སྣ་ཚོགས་ཐག་གཅོད་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། ད་ལྟ་ཆུ་གློག་ལམ་གསུམ་གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད་ལ། སྡེ་བའི་ནང་དུ་ཞིང་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་སྡེ་བའི་ཞིང་ས་ཚང་མ་མཉམ་ལས་ཁང་དུ་མ་རྐང་ལ་འཇོག་ཏུ་བཅུག་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐད་ཤུགས་བཏོན་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཀྱང་ཆེན་པོ་ཐོན་འདུག

རི་ཞོལ་མ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་ཚུད་པའི་གཡང་དྲུང་ཚེ་རིང་ཚང་དུ་སོང་བ་ན། ཁོའི་ཆུང་མ་ཞོར་ལས་ལ་སོང་བ་དང་བྱིས་པ་སློབ་གྲྭར་སོང་ཡོད་པས་ཁྱིམ་དུ་ཁོ་གཅིག་པུ་ལས་མི་འདུག ཁོ་ཚང་ལ་ར་གོང་ཞོལ་གཉིས་ཡོད་པ་དང་། ར་ཞོལ་མའི་ནང་དུ་སྔོན་ཆད་ཀྱི་ཁང་རྙིང་ཡོད་ལ། ར་གོང་མའི་ནང་དུ་གཞི་རྒྱ་ཆེ་ཞིང་མཛེས་པའི་ཤིང་ཁང་གསར་བ་ཞིག་ལས་ཡོད། ཁང་བའི་ཀླད་དུ་ཤེལ་གྱིས་བརྒྱན་ཡོད་པ་དང་ཁྱམས་རའི་ཞབས་ངོས་ཐམས་ཅད་ལ་མཐིལ་ཤིང་བཏིངས་འདུག གཡང་དྲུང་ཚེ་རིང་དང་ལྷན་དུ་ཁོ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན། ཁོས་བཤད་རྒྱུར།

ཉིས་སྟོང་བཅོ་ལྔའི་ཡར་སྔོན་འཚོ་བ་ཐབས་རྡུགས་ཡིན་ནི་རེད། ཁར་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་གང་ཡིན་ཡང་དཀའ་ངལ་ཆེ་ནི་རེད། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་སྟེ། ཕྱོགས་མང་བོ་ནས་རོགས་རམ་བྱས་པས། ཁར་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་གང་ཡིན་ཡང་འདང་རྒྱག་མེད་ཀི ཁང་བ་སོགས་ལའང་རྣམ་པའི་ཆ་ནས་འགྱུར་ལྡོག་ཆེ་ནི་རེད། དེ་མིན་རྒན་གསོ་དང་སྨན་བཅོས་སོགས་གང་ཅིའི་ཐད་ནས་རོགས་སྐྱོར་ཐོབ་ཡོད། ང་ཡིན་ན་ཁོར་ཡུག་སྲུང་སྐྱོབ་མཁན་གྱི་གྲས་ཡིན། ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་ཀི ལོ་ཧྲིལ་བོར་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ཡོད་ཀི དེ་བས་འཚོ་བའི་ཐད་ནས་དཀའ་ཁག་ཡོད་ནི་མ་རེད། ཉིས་སྟོང་བཅུ་བདུན་ལོར་ལྔ་གསུམ་ཐིག་གི་དངུལ་བུན་བསྐྱིས་ནས་ངས་ཕྱུགས་ཟོག་ཉོས་པ་ཡིན། ཟོག་ལྔ་དྲུག་ཙམ་ཉོ་ཐུབ་ཐལ། ད་ལྟའི་བར་འཚོ་སྐྱོང་བྱས་ནས་མ་རྩ་ཡོངས་སུ་ཕྱིར་སྤྲད་རྗེས་ཟོག་བཅོ་ལྔར་འཕེལ་ཡོད། ཏང་དང་རྒྱལ་ཁབ་གང་ཡིན་ཡང་ང་ཚོར་སྐུ་དྲིན་ཆེ་ནི་རེད།

གཡང་དྲུང་ཚེ་རིང་གིས་རང་ཁྱིམ་གྱི་གནས་ཚུལ་མཚམས་སྦྱོར་བྱས། 

ཁྱིམ་གྱི་གྲལ་དག་པའི་ཅ་ལག

དེ་ནས་ང་ཚོ་སྡེ་བའི་ཧྲུའུ་ཅི་བྱམས་མཁར་རྒྱལ་དང་ལྷན་དུ་སྡེ་མི་མཁར་རྩེ་རྒྱལ་ཚང་དུ་སོང་བ་ཡིན། ད་ལྟ་དགུང་ལོ་བདུན་ཅུ་ལྷག་ལ་སླེབས་པའི་མཁར་རྩེ་རྒྱལ་རྒན་རྒོན་གཉིས་ཀྱིས་ཚ་བོ་དང་ལྷན་དུ་འཚོ་བ་རོལ་བཞིན་ཡོད་ལ། ཁོང་རྒན་རྒོན་གཉིས་ལོ་ན་མཐོ་བས་ངལ་རྩོལ་གྱི་ནུས་པ་མེད་པ་དང་། ཚ་བོ་ཡང་དུས་རྒྱུན་སློབ་གྲྭར་འགྲོ་དགོས་པས་རིམ་པ་དང་པོའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་རེད། རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱི་དྲིན་ལས་ཁོ་ཚང་གི་ཁང་བ་གསར་དུ་ལས་ཡོད་པ་དང་། བ་མོ་འགའ་ཡང་ཉོས་ཡོད་པས་འཚོ་བའི་དཀའ་ཁག་སེལ་ཡོད་པར་མ་ཟད། དེ་ལས་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བཙལ་ཐུབ་ཡོད། ཁོས་བཤད་རྒྱུར།

རང་གི་ཁྱིམ་ཚང་ལ་འབྱོར་བ་ཞན་པས། དབུལ་སྐྱོར་ནང་ལ་བཞག་ནི་རེད། ཉིས་སྟོང་བཅུ་དྲུག་ལོ་ནས་ད་རག་བར། ཁར་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་སོགས་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་ཐོབ་པས་དཀའ་ཁག་ཅི་ཡང་མེད་ཀི འཚོ་བ་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་ཏུ་སོང་ཡོད། ངེད་གཉིས་ལོ་ན་ཆེ་བས་ལས་ཀ་ལས་པར་དཀའ་ཁག་ཡོད་ཀི སྡེ་བའི་འགན་ལ་བླངས་ཏེ་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་བས། ལས་ཀ་ལས་མི་དགོས་པས་སྟབས་བདེ་རེད། ཡོང་སྒོ་ཡང་བཟང་གི

དགུང་ལོ་བདུན་ཅུར་སོན་པའི་མཁར་རྩེ་རྒྱལ་གྱིས་ཏང་གི་བཀའ་དྲིན་གླེང་བཞིན་པ། 

རི་ཞོལ་མ་སྡེ་བའི་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་དང་ཞིང་ལས་མཉམ་ལས་ཁང་འཛུགས་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་གྱིས་ཡོང་སྒོ་བཙལ་བཞིན་ཡོད་པས། ད་ལྟ་ཁོ་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། ཁོ་ཚོའི་བྱ་སྤྱོད་ལས་ཏང་དང་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་ཡོད་པ་མཚོན་ཐུབ་ལ། ཁོ་ཚོའི་ལེགས་འགྲུབ་ཀྱི་ཉམས་མྱོང་གིས་མཐུན་སྒྲིལ་དང་བརྩོན་སེམས་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་བདེན་དཔང་བྱས་ཡོད།

ལོ་འདི་འགར་ཧོར་ནག་ཡུལ་ཚོས་སྡེ་བ་རེ་རེར་ཐོན་ལས་རེ་བསྒྲུབས་པ་དང་། ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་ཡོང་འབབ་འཕར་སྣོན་དང་རོང་འབྲོག་པའི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཞིན་ཡོད་ལ། ཡུལ་ཚོའི་མངའ་ཁོངས་ཀྱི་སྲིད་འཛིན་སྡེ་བ་བཞི་བོའི་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱས་ཡོད།  ཧོར་ནག་ཡུལ་ཚོའི་ཡུལ་གཙོ་རྡོ་རྗེ་མཚོ་ཡིས་བཤད་རྒྱུར།

ང་ཚོ་ཧོར་ནག་ཡུལ་ཚོས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་དབུལ་སྐྱོར་བྱ་བ་སྤེལ་མགོ་ཚུགས་ནས། སྡེ་བ་རེ་རེའི་ཐོན་ལས་ཀྱི་ཡོང་འབབ་ཐད་ནས་གྲུབ་འབྲས་བླངས་ཡོད་ཀི ཧོར་ནག་ཡུལ་ཚོ་འདི་རི་མ་ས་ཁུལ་ཞིག་པ་དང་། གནས་ཚུལ་དེར་དམིགས་ནས་སྡེ་བ་རེ་རེར་ཐོན་ལས་རེ་བསྒྲུབས་ཡོད། རི་ཞོལ་མ་སྡེ་བར་མཚོན་ན། ཞིང་འདེབས་ཀྱི་ཐོན་ལས་ཞིག་རེད། ད་ལོར་སྡེ་བའི་མཉམ་ལས་ཁང་གིས་ནས་ནག་གི་འདེབས་རྒྱ་ཇེ་ཆེར་ནས་ས་མུའུ་སྟོང་གཅིག་དང་ཉིས་བརྒྱ་བཞི་བཅུ་ལྷག་བཏབ་ཡོད། ནས་ནག་ཡིན་ན་རིན་གོང་མཐོ་ཀི མཉམ་ལས་ཁང་འདི་བཙུགས་ནས་སྡེ་བ་སྤྱིའི་ཡོང་སྒོ་བཟང་གི སྡེ་བ་སོ་སོར་འདི་ལྟར་ཐོན་ལས་རེ་རེ་བཙུགས་ནས་སྡེ་བ་སྤྱིའི་ཡོང་སྒོ་འཕར་བ་གཙིགས་སུ་བཟུང་ནི་ཡིན། ཉིས་སྟོང་ཉི་ཤུ་ལོར་དབུལ་སྐྱོར་གྱི་བྱ་བ་མཇུག་རྫོགས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་ཞུགས་དགོས་པས། སྡེ་བ་སོ་སོས་རང་རང་གི་ཐོན་ལས་གཙིགས་སུ་འཛིན་དགོས། རྗེས་ཕྱོགས་མུ་མཐུད་དུ་སྡེ་བ་སྤྱིའི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཡིད་ཆེས་ཡོད་ཀི

ཧོར་ནག་ཡུལ་ཚོའི་ཡུལ་གཙོ་རྡོ་རྗེ་མཚོ་ཡིས་ཡུལ་ཚོའི་གནས་ཚུལ་མཚམས་སྦྱོར་བྱས། 

འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཡུན་རིང་བོར་དཀའ་སྤྱད་ཀྱིས་བྱ་བ་བསྒྲུབས་ཏེ། དབུལ་སྐྱོར་སྲིད་ཇུས་དངོས་འབེབ་བྱས་པར་འབྲེལ་བ་དམ་ཟབ་ཡོད་ལ། མང་ཚོགས་ཀྱི་འཚོ་བ་གསར་བའི་སྐྱིད་སྣང་དང་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་ཡིད་ཆེས་དེ་སྡེ་མིའི་གདོང་གི་དགའ་སྤྲོའི་འཛུམ་མདངས་ལས་ཚོར་ཐུབ་པ་དང་། མ་འོངས་པར་ཧོར་ནག་ཡུལ་ཚོ་སྤྱི་དང་སྡེ་བ་རེ་རེར་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་སྲིད་པ་བསྙོན་མེད་རེད།


གསར་འགོད་པ། ཕྱུག་ལོ། བསོད་ནམས་ཚེ་རིང་། ཤ་བོ་རིན་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།