གནའ་གྲོང་སོ་ནག་གི་འཕོ་འགྱུར་གསར་བ།
2020.11.11 ཁུངས། ཀློག་གྲངས། 441

རོང་བོ་དགུ་ཆུ་ལྷུང་ལྷུང་འབབ་པའི་འགྲམ་ངོགས་སུ་བརྗིད་ཉམས་ཀྱིས་ཆགས་པའི་ཐུན་རིན་གྲོང་ཁྱེར་དུ་དཔལ་ཡོན་དང་འཆམ་མཐུན་གྱི་རྟགས་མཚན་ཀུན་ནས་མཛེས་ཤིང་། འཕེལ་རྒྱས་ཀྱི་གོམ་སྟབས་མྱུར་བའི་ཡོ་ལང་ཞིག་ཀྱང་ངང་གིས་རྒྱས་འདུག ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་གཞི་རིམ་དུ་ལག་བསྟར་དངོས་འབེབས་བྱས་པའི་དྲིན་ལས། ལས་ལ་བརྩོན་པའི་རིགས་སོ་སོའི་མང་ཚོགས་དག་དབུལ་ཕོངས་ལས་ཐར་ནས་རང་སེམས་ཀྱི་འཚོ་བ་གསར་བའི་རི་མོ་འགྲུབ་པར་བརྩོན་པ་དགུ་ཆུའི་རྒྱུན་ལྟར་བསྟེན་བཞིན་མཆིས།

མཐོན་པོའི་ས་འཛིན་དག་གིས་གསེར་མདོག་གི་ན་བཟའ་བཀླུབས་པའི་སྟོན་གཞུང་འདིར། ང་ཚོ་བཅར་འདྲི་ཚོགས་པ་ཐུན་རིན་གྲོང་ཁྱེར་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣའི་འགྲོ་རོགས་འོག ཆུ་ཁོག་ཡུལ་ཚོའི་ཕྱོགས་སུ་ཆས་པ་ཡིན། ཆུ་ཁོག་ཡུལ་ཚོ་ནི་ཐུན་རིན་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་དབུལ་ནག་ས་ཁུལ་གྱི་གྲས་ཤིག་རེད། ང་ཚོ་ཆུ་ཁོག་ཡུལ་ཚོའི་སྲིད་གཞུང་དུ་ཐོན་པ་ན་ལས་བྱེད་མི་སྣ་རྣམས་ཀྱིས་རང་རང་གི་ལས་གནས་སུ་བྲེལ་འཚུབ་ཀྱིས་བྱ་བ་སྒྲུབ་བཞིན་མཆིས། དེ་ནས་ང་ཚོས་ཆེད་བགོས་དབུལ་སྐྱོར་གྱི་ཡུལ་གཙོ་གཞོན་པ་ཚེ་རིང་མཚོ་དང་ལྷན་དུ་རྒྱུས་ལོན་བྱས་པ་ན། ཁོ་མོས་བཤད་རྒྱུར།

ང་ཚོའི་ཆུ་ཁོག་ཞང་ལ་མཚོན་ལ་སྲིད་འཛིན་སྡེ་བ་བརྒྱད་དང་རང་བྱུང་སྡེ་བ་བཅུ་གསུམ་ཡོད། སྲིད་འཛིན་སྡེ་བ་བརྒྱད་ལ་ས་ཞིང་མུའུ་ཁྲི་གཅིག་དང་བརྒྱད་བརྒྱ་ཉེར་བཞི་ཡོད། སྡེ་བའི་ནང་དུ་ཐོན་ལས་གཉེར་བཞིན་པའི་ཁྱིམ་ཚང་གི་ཡོང་སྒོ་ཐོ་འགོད་བྱས་ཏེ་ཡིག་ཚགས་བཙུགས་ཡོད། ཡོང་སྒོ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད། དེའི་ནང་ཀོའུ་སྡེ་དང་སོ་ནག མག་སར། མདོ་བ་བཅས་སྡེ་བ་བཞི་ནི་དབུལ་སྐྱོར་སྡེ་བ་ཡིན་པ་དང་། ཀོའུ་སྡེ་དང་སོ་ནག་གཉིས་ཀྱིས་རྫོང་མཁར་དུ་ཚོང་ཁང་ཉོས་ཏེ་ཕྱིར་གླས་ཡོད་པ་དང་། ཀོའུ་སྡེ་ཡི་ལོ་གཅིག་གི་ཡོང་སྒོ་སྒོར་འབུམ་གཉིས་དང་ཁྲི་བཞི་ཡོད་ལ། སོ་ནག་གི་ཡོང་སྒོ་སྒོར་ཁྲི་བདུན་དང་སྟོང་ལྔ་ཡོད། མདོ་བ་སྡེ་བར་མཚོན་ན་ཆུ་ཁོལ་ཡོད་པས་ཡོང་སྒོ་བརྟན་འཇགས་ཡིན་ལ། ན་ནིང་གི་ཡོང་སྒོ་སྒོར་ས་ཡ་གཅིག་ཡོད་པ་དང་། ད་ལོ་ནད་ཡམས་ཀྱིས་དབང་གིས་ཟླ་གཉིས་ལ་སྒོ་འབྱེད་མ་ཐུབ་མོད། འོན་ཀྱང་། ཡོང་སྒོ་ཟླ་འགའི་རིང་ལ་བསྡོམས་རྩིས་བྱས་པ་ལྟར་ན་སྒོར་འབུམ་དྲུག་ལྷག་ཡོད། མག་སར་གྱིས་འོད་ནུས་ལ་མ་དངུལ་བཏང་ཡོད་པ་དང་ཡོང་སྒོ་སྡེ་བ་གཞན་ལས་དམའ་མོད་གཏན་འཇགས་ཡིན་པ་རེད། དབུལ་ཕོངས་མ་ཡིན་པའི་སྡེ་བ་དེ་དག་གིས་ཀྱང་མ་དངུལ་སྒོར་ས་ཡ་གཅིག་རེ་བཏང་ཡོད་པས་ཁོ་ཚོ་ཡང་བརྟན་འཇགས་ཡོང་སྒོ་ཡོད་པ་རེད། ན་ནིང་སྡེ་བ་ཡོངས་དབུལ་ཐར་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིབ་བཤེར་མི་སྣ་ཆུ་ཁོག་ཡུལ་ཚོ་ཡོང་ནས་ཆུ་ཁོག་ཡུལ་ཚོའི་ཡིག་ཚགས་དང་བསམ་བློ་སོགས་ཕྱོགས་གང་ཅིའི་ཐད་ནས་བཟང་ཞེས་དགའ་བསུ་ཆེན་པོ་ཐོབ་ཡོད།

2019ལོར། ཆུ་ཁོག་ཡུལ་ཚོ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྤྱི་ཡོངས་དབུལ་ཐར་བྱས་པ་དང་དབུལ་ཕོངས་སྡེ་བ་བཞི་བོ་ཡང་དབུལ་ཐར་བྱས། ཡུལ་གཙོ་གཞོན་པ་ཚེ་རིང་མཚོ་ཡིས་མཚམས་སྦྱོར་འོག ཐུན་རིན་གྲོང་ཁྱེར་ཆུ་ཁོག་ཡུལ་ཚོའི་ཡུལ་བབ་ཆེས་མཐོ་སར་ཆགས་པའི་སོ་ནག་སྡེ་བར་སོང་བ་ཡིན། སོ་ནག་སྡེ་བ་ནི་རི་ཁའི་སོ་བ་ཇི་བཞིན་རི་བོ་མཐོན་པོའི་ཡང་རྩེར་ཆགས་ཡོད། གནས་དེའི་མཁའ་དབུགས་ལྷག་ཏུ་དྭངས་ཤིང་ཕྱོགས་བཞི་གང་ལ་བལྟས་ཀྱང་མཐོང་ལམ་ཡངས་པར་མངོན། རླངས་འཁོར་གཉིས་མཉམ་དུ་ཡངས་ཤོར་ཐུབ་པའི་སྣག་སྣུམ་གྱི་གཞུང་ལམ་སྡེ་བའི་བར་དུ་ལས་ཡོད་པ་དང་། ཆུ་དང་གློག་གི་གནད་དོན་ཀྱང་རྩ་བ་ནས་ཐག་གཅོད་བྱས་ཏེ། སྡེ་མི་ཚང་མ་འབྱོར་ཕྱུག་གི་འཚོ་བ་གསར་བར་རྩེ་གཅིག་ཏུ་གཞོལ་བར་རྨང་གཞིའི་མཐུན་རྐྱེན་མ་ལུས་ཚང་བར་བྱས་འདུག སོ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྕགས་ཐར་ཚེ་རིང་གིས་བཤད་རྒྱུར།

ང་ཚོའི་སྡེ་བ་འདི་ལ་མཚོན་ན་མཐོ་སྒང་དུ་ཡོད་པ་དང་། དེང་མ་འགྲིམ་འགྲུལ་སོགས་སྟབས་མི་བདེ། 2016ལོར་དབུལ་སྐྱོར་སྲིད་ཇུས་ལག་བསྟར་གཏན་འབེབ་བྱས་ཏེ། སྡེ་བའི་ནང་དུ་ཁྱིམ་ཚང་བརྒྱ་དང་བཅོ་ལྔ་ཡོད་པ་དང་། དབུལ་ཕོངས་ཁྱིམ་ཚང་སོ་བརྒྱད་ཡོད། ཁང་བ་མེད་པ་རྣམས་ལ་ཁང་བ་ལས་པ་དང་། ཁྱིམ་ཚང་དུ་ནད་པ་ཡོད་པ་དང་ངལ་རྩོལ་བྱེད་མཁན་མེད་པ། དབང་བོ་སྐྱོན་ཅན་ཡོད་པ་རྣམས་ལ་རོགས་སྐྱོར་གང་མང་བྱས་ཡོད། སྡེ་བ་སྤྱིའི་ནང་དུ་ཆུ་གློག་ལམ་གསུམ་དང་སྡེ་བ་གཞུང་ལམ། སྲང་ལམ་ལ་ཨར་འདམ་གྱིས་ལམ་ལས་ཡོད་པ་དང་། སྡེ་བའི་ནང་དུ་ཐང་ཆེན་དང་བྱིས་གཉོར་ཁང་། སྨན་ཁང་བཅས་ལས་ཡོད་པས་ཕྱོགས་གང་ཐད་ནས་བཟང་། རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་ཀྱི་སྲིད་ཇུས་ཐོན་པ་ནས་སྡེ་བ་སྤྱི་དང་ཁྱིམ་ཚང་སྒེར་གང་ལ་ཡང་ཕན་ཁེ་མང་པོ་ཐོབ་ཡོད། དེ་སྔོན་ང་ཚོའི་སྡེ་བར་མཚོན་ན་ཞིང་ལས་ཀྱི་ཡོང་སྒོ་ཁོ་ནར་བརྟེན་བཞིན་ཡོད་པ་དང་། དེང་སྐབས། ཞིང་ལས་གཉེར་བ་ལས་གཞན་དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་སྡེ་མི་ཚང་མ་ཕྱི་རུ་ཞོར་ལས་སུ་སོང་ནས་ཡོང་སྒོ་བཙལ་བཞིན་ཡོད་པས། ད་ལྟ་སྡེ་བའི་ཕྱོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

སྡེ་བའི་སྲང་ལམ་ཅུང་དོག་ཀྱང་། ཁོ་ར་ཁོར་ཡུག་ཀུན་ཏུ་གད་སྙིགས་སོགས་ཀྱི་སྦགས་བཙོག་ཅི་ཡང་མེད་པར་གྲལ་དག་ལྷུན་གྲུབ་ལྟ་བུར་མངོན། དེ་ལས་སྡེ་མི་དག་གི་མཛེས་སྡུག་གི་ཕ་ཡུལ་འཛུགས་སྐྲུན་དང་བདེ་སྐྱིད་ཀྱི་འཚོ་བ་མཉམ་བསྐྲུན་བྱེད་པའི་སེམས་ཀྱི་འཁྱེར་སོ་རྟོགས་ཐུབ། ང་ཚོ་ཚང་མ་སྡེ་མི་རྟ་མགྲིན་སྐྱབས་ཚང་གི་ཁྱིམ་དུ་ཐོན་པ་ན། ཁྱིམ་བདག་རྟ་མགྲིན་སྐྱབས་ཚ་ཐབ་ཀྱི་གམ་དུ་བསྡད་ནས་ངལ་གསོ་བྱེད་བཞིན་ཡོད་ལ། ཁྱིམ་མི་གཞན་དག་རང་རང་སར་ལས་ལ་བྲེལ་བཞིན་འདུག ང་ཚོ་གློ་བུར་དུ་ཁོ་ཚང་གི་ཁྱིམ་དུ་འཛུལ་བས། མནའ་མས་བྲེལ་འཚུབ་དང་བཅས་ཏེ་ང་ཚོར་འོ་མ་མངར་མོའི་སྣེ་ལེན་བྱས་ཤིང་། ཁ་བརྡའི་ཁྲོད་ཁོ་ཚང་གི་འཚོ་བ་ཇེ་བཟང་དུ་གྱུར་ཡོད་པ་ཤེས་ལ། གཞི་སྐོར་དུ་ཤིང་ཁང་ལས་ཡོད་པས་ཀྱང་ཁོ་ཚང་གི་འཚོ་བ་ཇེ་ལེགས་སུ་སོང་ཡོད་པ་ཤེས་ཐུབ། དབུལ་ཕོངས་སྡེ་མི་རྟ་མགྲིན་སྐྱབས་ཀྱིས་བཤད་རྒྱུར།

དེ་སྔོན་ངེད་ཚང་གི་ཆ་རྐྱེན་བཟང་རྒྱུ་མེད། ཁང་བ་ས་གྱིག་བརྩིག་ནས་ལས་ཡོད་པ་དང་ཤིང་ཁང་འདི་འདྲ་བཟང་བོ་ཡེ་ནས་མེད། དབུལ་སྐྱོར་གྱི་ཁྲོད་བཞག་ནས་རྒྱལ་ཁབ་ཀྱི་རོགས་རམ་འོག་ཤིང་ཁང་བཟང་བོ་ཞིག་ལས་ཡོད། ཞི་ཅིན་ཕིང་གཙོ་བྱས་ཏེ་ཏང་ཀྲུང་དབྱང་གི་ཡང་དག་པའི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབ་བྱས་པ་དང་། རྒྱལ་ཁབ་དང་ཞིང་ཆེན་སོགས་རབ་དང་རིམ་པའི་རོགས་སྐྱོར་འོག་རང་ཉིད་ཀྱི་འཚོ་བ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་སུ་སོང་ཡོད། ངེད་ཚང་ལ་མཚོན་ན་ཡང་དབུལ་སྐྱོར་ཁོ་ན་བརྟེན་བཞིན་མེད་ལ། མནའ་མ་ཞོར་ལས་སུ་སོང་སྟེ་ཡོང་སྒོ་བཙལ་བཞིན་ཡོད་པ་དང་། བུ་ཆུང་གིས་གླ་གཏོང་རླངས་འཁོར་བསྐོར་ཏེ་ཡོང་སྒོ་བཙལ་བཞིན་ཡོད་པས། འཚོ་བ་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་དུ་གྱུར་ཡོད།

སོ་ནག་སྡེ་བ་དེ་སྐོར་ཐེངས་གསུམ་པའི་ཀྲུང་གོའི་གནའ་གྲོང་གི་གྲས་སུ་ཚུད་ཡོད་པ་དང་། སྲང་ལམ་གྱི་ག་ས་གང་དུ་གྲལ་དག་ཅིང་ལྷིང་འཇགས་གེར་འདུག རྒྱུ་མཚན་ནི་སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱང་ཇེ་མཐོར་སོང་ཡོད་པ་དང་། ཁྱིམ་དུ་བསྡད་ནས་ཉི་མ་འཁྱོལ་ཐབས་བྱེད་མཁན་གཅིག་ཀྱང་མེད་ལ། ཚང་མས་རང་རང་སར་ཡོང་སྒོ་ལེན་པར་བརྩོན་བཞིན་ཡོད། དེ་ནས་ང་ཚོ་དབུལ་ཕོངས་ཁྱིམ་ཚང་དཀོན་མཆོག་དོན་འགྲུབ་ཀྱི་ཁྱིམ་དུ་སོང་བ་ན། རེབ་གོང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་ཤིང་ཁང་ནང་དྲོད་ཁོལ་གྱིས་ཁེངས་ཡོད་པ་དང་། ཁོའི་ཆུང་མ་ཁང་བའི་ནང་དུ་མེ་འབུད་ཇ་སྐོལ་གྱི་ལས་ལ་བྲེལ་བཞིན་འདུག དཀོན་མཆོག་དོན་འགྲུབ་ལ་ལྷན་སྐྱེས་སུ་ཚོང་གཉེར་གྱི་འཇོན་ཐང་ལྡན་པས། དབུལ་སྐྱོར་སྲིད་ཇུས་ཀྱི་བབ་དང་བསྟུན་ནས་དངུལ་བུན་བསྐྱིས་ཏེ་རྩམ་འཐག་འཕྲུལ་ཆས་དང་ཐུག་བརྡལ་འཕྲུལ་ཆས་སོགས་ཉོས་ནས་སྡེ་བའི་ནང་དུ་ཚོང་གཉེར་བྱས། ཁོས་འཐག་པའི་རྩམ་པ་ཞིམ་པོ་ཡིན་པས་ཉེ་འཁོར་གྱི་སྡེ་བ་གཞན་པའི་མི་མང་བོའང་ཁོ་ཚང་ལ་རྩམ་པ་འཐག་ཏུ་ཡོང་བཞིན་ཡོད་པས། ཁོའི་ཡོང་འབབ་ཀྱང་རང་བཞིན་གྱིས་ཇེ་མཐོར་འགྲོ་བཞིན་འདུག ཁོ་ཚང་གི་ཕྱུག་འགྱུར་གྱི་གནས་ཚུལ་ཐད་ནས་ཁོས་བཤད་རྒྱུར།

ངའི་ཨ་མ་ལོ་གྱ་བདུན་ཡིན་ལ་མིག་མི་བཟང་བ་དང་རྐང་བ་ཡང་བཅག་ཏེ་ལོ་གསུམ་བཞིའི་རིང་ལ་ཉལ་སར་ལྷུང་བ་དང་། བྱིས་པ་གཉིས་ཡོད་པ་དང་གཅིག་སློབ་ཆེན་དུ་འགྲོ་བཞིན་ཡོད་པས་ཡོང་སྒོ་ཡང་མང་པོ་མེད། ངེད་བཟའ་ཟླ་གཉིས་མ་གཏོགས་ངལ་རྩོལ་བྱེད་མཁན་མེད་པ་དང་། གཅིག་གིས་ཨ་མ་གཉོར་སྐྱོང་བྱས་ན་གཅིག་གིས་ཡོང་སྒོ་བཙལ་དགོས་པས་ཡོང་སྒོ་མང་པོ་བཙལ་མི་ཐུབ། དེ་ནས2016ལོར་ང་རང་དབུལ་ཕོངས་སུ་བདམས་པ་དང་། རྒྱལ་ཁབ་ཀྱིས་སྒོར་ཁྲི་གསུམ་བསྐྱིས་ནས་མཛོ་མོ་གསུམ་ཉོས་པ་དང་། སྡེ་བའི་ནང་དུ་རྩམ་པ་འཐག་ཆས་དང་ཐུག་པ་བརྡལ་ཆས་མེད་པས་ང་རང་གིས་འཕྲུལ་ཆས་དེ་གཉིས་ཉོས། ཆུང་མས་འོ་མ་དང་ཞོ། མར། ཆུར་བ་བཙོང་ནས་ཡོང་སྒོ་ལེན་བཞིན་ཡོད་པ་དང་། ང་རང་གིས་ཐུག་པ་བརྡལ་བ་དང་རྩམ་པ་འཐག་ནས་ཡོང་སྒོ་བཙལ་བཞིནཡོད།  གཅིག་ནས་རྒྱལ་ཁབ་ཀྱིས་རོགས་རམ་མང་པོ་བྱེད་བཞིན་ཡོད་པ་དང་ཞོར་དུ་རང་བཟའ་ཟླ་གཉིས་ཀྱིས་ཡོང་སྒོ་བཙལ་ན་འཚོ་བ་སྔོན་ཆད་ལས་ཧ་ཅང་བཟང་གི

ཆུ་ཁོག་ཡུལ་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་མཉམ་དུ་འཛིན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། མུ་མཐུད་དུ་འབད་པ་བརྒྱ་འགྱུར་གྱིས་འབྱོར་འབྲིང་ལམ་དུ་མི་གཅིག་ཀྱང་རྗེས་སུ་མི་བསྐྱུར་བའི་མཇུག་མཐའི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། སོ་ནག་སྡེ་བས་ཀྱང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཡོང་འབབ་ཆུ་ཚད་ཇེ་མཐོར་གཏོང་པར་རང་ནུས་ཅི་ལྕོགས་བྱེད་བཞིན་ཡོད་ལ། ཕྱུག་འགྱུར་བྱེད་པར་བློ་གྲོས་དང་སྤོབས་པ་མཐོ་བའི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་འབུངས་བྱས་ན་མ་འོངས་པའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་ཡིད་ཆེས་ཀྱིས་ཁེངས་འདུག 


གསར་འགོད་པ། ཕྱུག་ལོ། བསོད་ནམས་ཚེ་རིང་། ཤ་བོ་རིན་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།