མི་ཚེ་དམངས་དོན་ལ་བསྟིམ་གྱིན་པའི་ཧྲུའུ་ཅི་བཟང་པོ།
2020.11.23 ཁུངས། ཀློག་གྲངས། 28

གསར་འགོད་པས་ཐང་དཀར་སྡེ་བའི་སྡེ་མི་རིན་ཆེན་ལ་བཅར་འདྲི་བྱེད་བཞིན་པ། 

ཚུང་རྡོ་རྗེ་ཡིས་ང་ཚོ་ཐང་དཀར་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་ནས་ལོ་ངོ་སུམ་ཅུ་ལྷག་འགོར་སོང་།     ལོ་འདི་འདྲའི་མང་པོ་རིང་ལ་ཁོས་གཉོམ་ཆུང་ལ་བྱམས་སྐྱོང་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་བྱ་བ་ཧ་ཅང་མང་པོ་བསྒྲུབས་པས། མང་ཚོགས་ཀྱིས་ཀྱང་ཁོ་ལ་རྒྱབ་སྐྱོར་དང་བརྩི་བཀུར་བྱེད་ཅིང་། ང་ཚོའི་སྡེ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཧྲུའུ་ཅི་ལ་བཀའ་དྲིན་ཆེ།

སྡེ་མི་རིན་ཆེན་གྱིས་བཤད་པ་ལྟར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཞང་ཐང་དཀར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡིས་༡༩༨༨ལོར་ཐང་དཀར་རུ་ཁག་གསུམ་པའི་རུ་གཙོའི་འགན་ཁུར་ཞིང་། ༡༩༩༤ལོ་ནས་ད་བར་དུ་ཐང་དཀར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་ཏེ་མང་ཚོགས་ཀྱི་དོན་དུ་བྱ་བ་གང་མང་བསྒྲུབས་པ་རེད།

ཐང་དཀར་སྡེ་བ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་རི་ཁུལ་དུ་གནས་ཤིང་། སྡེ་བ་ཡོངས་ལ་ཁྱིམ་ཚང་༢༧༨དང་མི་གྲངས་༡༡༤༨ཡོད་ལ། ཕྱུགས་ཟོག་༡༥༨༤༠ཡོད་པའི་འབྲོག་སྡེ་ཞིག་ཡིན། ཨ་མདོ་ཚུང་རྡོ་རྗེ་ཡིས་ཧྲུའུ་ཅིའི་འགན་ཁུར་རྗེས་སྡེ་བའི་གནས་ཚུལ་དངོས་ལ་དམིགས་ཏེ་སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི་དང་མཉམ་དུ་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་བརྒྱུད་མཉམ་ལས་ཁང་བཙུགས་ནས་སྡེ་བ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་བསམ་ཕྱོགས་བཏོན་ཞིང་།གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་ཁྱིམ་ཚང་༧༥ལ་སྣེ་ཁྲིད་བྱས་ནས་མཉམ་ལས་ཁང་ནང་དུ་ཞུགས། ཉེ་བའི་ལོ་འདི་དག་གི་རིང་ལ།  ཁོའི་སྣེ་ཁྲིད་དང་རྩ་འཛུགས་འོག  སྡེ་མི་རེ་རེ་ཡིས་འབད་བརྩོན་བྱས་པ་བརྒྱུད། ཐང་དཀར་སྡེ་བའི་མཉམ་ལས་ཁང་ཐོག་མའི་སྟབས་བདེ་ཅན་གྱི་རྣམ་པ་ནས་རིམ་བཞིན་ཇེ་རྒྱས་ཇེ་ལེགས་སུ་སོང་ཞིང་།རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་མཉམ་ཞུགས་སྤྲོ་སེམས་ཆེ་རུ་ཕྱིན་ཡོད།ད་ལྟ་མཉམ་ལས་ཁང་ལ་བོད་ལུག་གཅིག་བསྡུས་གསོ་སྤེལ་ར་བ་བརྒྱད་ཡོད་པར་ལུག་བཞི་སྟོང་བདུན་བརྒྱ་དང་། ནོར་ནག་གཅིག་བསྡུས་གསོ་སྤེལ་ར་བ་བཞི་ཡོད་པར་ནོར་བཞི་བརྒྱ་བརྒྱད་ཅུ་ཡོད་ཅིང་།མཉམ་ལས་ཁང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་ལྔ་ལྷག་ཡིན་པས།ས་གནས་འབྲོག་དམངས་ཀྱི་ལས་ཞུགས་བརྟན་འཇགས་སུ་བཏང་བ་དང་ལས་ཞུགས་གོ་སྐབས་བསྐྲུན་ཡོད་པ་རེད།

ཐང་དཀར་སྡེ་བའི་མཉམ་ལས་ཁང་།

ཐང་དཀར་སྡེ་བའི་མཉམ་ལས་ཁང་གི་ཐོན་རྫས།

འདི་ལྟར་དམངས་ཕན་གྱི་བྱ་བ་གང་མང་བསྒྲུབས་པས། ཨ་མདོ་ཚུང་རྡོ་རྗེ་གླེང་ཡོང་དུས་ས་གནས་མང་ཚོགས་ཁྲོད་བསྟོད་པའི་ཐེ་བོང་མི་བསྒྲེངས་མཁན་གཅིག་ཀྱང་མེད།ཐང་དཀར་སྡེ་བའི་སྡེ་མི་འོད་མཚོ་ཡིས་བཤད་རྒྱུར། ངེད་ཚང་སྔོན་ཆད་དབུལ་ཕོངས་ཁྱིམ་ཚང་ཡིན། ཧྲུའུ་ཅི་ཚུང་རྡོ་རྗེས་དྲང་བདེན་དྲང་གཞག་གིས་རོགས་སྐྱོར་ཡག་པོ་བྱས་སོང་། བཀའ་དྲིན་ཆེ།

གསར་འགོད་པས་སྡེ་མི་འོད་མཚོ་ལ་བཅར་འདྲི་བྱེད་བཞིན་པ། 

ཐང་དཀར་སྡེ་བའི་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཁོར་ཡུག་བཟང་པོ་ཞིག་དང་ཁ་འབྲལ་ཐབས་མེད་པས། ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡིས་ཐང་དཀར་སྡེ་བའི་དོན་དངོས་ལ་གཞིགས་ཤིང་། མཛེས་སྡུག་ལྡན་པའི་ཞིང་གྲོང་འཛུགས་བསྐྲུན་ཀྱི་བརྗོད་དོན་དམིགས་སུ་བཟུང་ནས།  2016ལོ་ནས་བཟུང་ལོ་རེའི་ཟླ་4པ་ནས་ཟླ5པའི་བར་སྡེ་བ་ཡོངས་ཀྱི་མི་ཤུགས་དང་། དངོས་ཤུགས་གཅིག་བསྡུས་བྱས་ཏེ་ཁོར་ཡུག་བཅོས་སྐྱོང་གི་ལས་ལ་གཞོལ། ལོ་བཞི་ཡི་རིང་།  ཐང་དཀར་སྡེ་བས་ཨ་མདོ་ཚུང་རྡོ་རྗེ་ཡི་སྣེ་ཁྲིད་འོག་སྐྱེ་ཁམས་གཙིགས་སུ་འཛིན་པའི་འདུ་ཤེས་བརྟན་པོར་སྲུང་བ་དང་།  ཏན་ཏན་ཏིག་ཏིག་གིས་ཁོར་ཡུག་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་བས།འབྲོག་པ་མང་ཚོགས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་ཐོན་དཔེ་མཚོན་མི་སྣ་ཡང་འབོར་ཆེན་ཞིག་ཐོན་ཡོད།

བྱས་པའི་དོན་ལ་གྲུབ་པའི་རྟགས་ཐོན་པའི་སྐྱེས་པ་རེའི་རྒྱབ་ན་རླབས་ཆེན་གྱི་བུད་མེད་ཅིག་གི་རྒྱབ་སྐྱོར་ཡོད་ཅེས་པའི་དཔེ་ལྟར།ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡིས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་མང་ཚོགས་ཀྱི་དོན་དུ་རང་དོན་རྒྱབ་ཏུ་སྐྱུར། སྤྱི་དོན་དང་དུ་བླངས་ནས། ཁོའི་ཉི་མ་རེ་རེའི་དུས་ཚོད་སྡེ་དོན་ཚོ་དོན་ལ་བསྟིམས་པའི་འགྲུལ་བཞུད་ཀྱི་ལམ་ཁ་རིང་པོ་རུ། ཁོའི་ཆུང་མས་རང་ཁྱིམ་གྱི་དོན་དག་ཆེ་མ་ཆུང་གསུམ་ཐད་ལ་དཀའ་སྡུག་གི་རྔུལ་ཆུ་གང་མང་ཞིག་གཏོར་ཡོད། ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡི་བཟའ་ཟླ་བློ་ཡིས་ཀྱིས་རང་ཁྱིམ་གྱི་ལས་དོན་མཐའ་དག་རང་གི་ཁུར་ལ་བབས་ཀྱང་འཁང་ར་དང་ལེ་འདེད་ཅི་ཡང་མེད་པར་ཞི་དུད་དང་རྒྱུན་འཁྱོངས་ཀྱི་ལས་ལ་གཞོལ་གྱིན་ཡོད། མོས་བཤད་རྒྱུར། ངའི་མིང་ལ་བློ་ཡིས་ཟེར། ངའི་རྒད་པོ་ཚུང་རྡོ་རྗེས་མི་ལོ་སུམ་ཅུའི་རིང་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ལས་དོན་བསྒྲུབས་པས།རང་ཁྱིམ་གྱི་ལས་ཙག་ཙིག་ཐམས་ཅད་ང་གཅིག་པུས་ལས་ན་དཀའ་ཁག་ཆེ་མོད།ཁོས་མང་ཚོགས་ཀྱི་བྱ་བ་ཡག་པོར་འཁྱོངས་སོང་ན་ང་ལ་དཀའ་ཁག་ཡོད་རུང་མི་སྐྱོན་གི་ཟེར།


གསར་འགོད་པས་ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེའི་ཆུང་མ་བློ་ཡིས་ལ་བཅར་འདྲི་བྱེད་བཞིན་པ། 

སྤྱིར་དོན་དག་གང་ཞིག་བསྒྲུབ་རུང་མགོ་རྩོམ་རྒྱུ་ལས་རྒྱུན་བསྐྱོངས་རྒྱུ་ནི་ལས་སླ་མོ་ཞིག་མིན་མོད།ཐང་དཀར་སྡེ་བའི་ཧྲུའུ་ཅི་ཚུང་རྡོ་རྗེ་ཡིས་མི་ལོ་སུམ་ཅུ་ལྷག་གི་རིང་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་མཐའ་དག་དོན་འཁྱོལ་དང་ལག་ལེན་མཐར་ཕྱིན་བྱས་ཏེ་ལྷག་བསམ་རྣམ་དག་གིས་དམངས་ཀྱི་དོན་དུ་ལས་དོན་གང་མང་བསྒྲུབས་པས།༢༠༡༩ལོར་ཁོ་རང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།  ཐང་དཀར་སྡེ་བའི་ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡིས་བཤད་རྒྱུར། ང་ནི་ཐང་དཀར་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚུང་རྡོ་རྗེ་ཡིན། ང་ད་ལོ་ལོ་༥༡་ཡིན། ང་ནི་༡༩༨༥ལོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་།༡༩༨༨ལོ་ནས་ད་ལྟའི་བར་ངས་མི་ལོ་སུམ་ཅུའི་རིང་ལ་མང་ཚོགས་ཀྱི་དོན་དག་དེ་རང་གི་དོན་དག་ཏུ་བརྩིས་ནས་བསྒྲུབས་པ་ཡིན།དེ་བས༢༠༡༩་ལོར་ང་ལ་དབུལ་སྐྱོར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་བྱིན་སོང་བས།ངའི་སེམས་པ་ཧ་ཅང་སྤྲོ་སོང་།བྱ་དགའ་འདི་ང་གཅིག་པོ་མ་ཟད་མང་ཚོགས་ཚང་མའི་ཡང་རེད།མང་ཚོགས་ཀྱིས་ང་ལ་རྒྱབ་སྐྱོར་བྱས་པས་ད་གཟོད་གྲུབ་འབྲས་འདི་བླངས་པ་རེད།       

 འབྲི་ཆུ་ཞང་གི་ཏང་ཨུའི་ཧྲུའུ་ཅི་གནམ་ཚེ་རིང་གིས་ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ལ་འདི་ལྟར་གདེང་འཇོག་བྱས་བྱུང་སྟེ། ང་ཚོ་ཐང་དཀར་སྡེ་བའི་བློ་མཐུན་ཚུང་རྡོ་རྗེ་ནི་ཏང་ཡོན་རྒན་པ་དང་མི་ཁྱད་འཕགས་ཅན་ཞིག་རེད། ཁོས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་མཉམ་ལས་ཁང་བཙུགས་པས་མང་ཚོགས་དབུལ་ཐར་བྱེད་པ་དང་འཚོ་བ་ཇེ་བཟང་དུ་གཏོང་བ་སོགས་ཀྱི་ཐད་ལ་དོན་དག་གང་མང་བསྒྲུབས་པས་གྲུབ་འབྲས་ཀྱང་ཕུན་སུམ་ཚོགས་པ་ཞིག་བླངས་ཡོད་པ་རེད་ཟེར།


གསར་འགོད་པས་འབྲི་ཆུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གནམ་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ། 

ཏང་གི་དམངས་ཕན་སྲིད་ཇུས་ཀྱི་དྲོད་ཁོལ་ཐང་དཀར་སྡེ་བའི་མང་ཚོགས་རེ་རེས་མྱོང་ཐུབ་ཡོད་པ་ནི། ཧྲུའུ་ཅི་ཨ་མདོ་ཚུང་རྡོ་རྗེ་ཡི་མི་ལོ་སུམ་ཅུའི་རིང་གི་དཀའ་སྡུག་གི་ལས་དོན་དང་འབྲལ་ཐབས་མེད་ལ། ཁོའི་མིག་རྒྱང་དང་འཇོན་ནུས་ཀྱིས་སྡེ་བ་འདི་འབྱོར་ཕྱུག་དང་དཔལ་ཡོན་གྱི་ཕྱོགས་སུ་སྣེ་ཁྲིད་བྱས་པས། ད་ལྟ་སྡེ་བའི་མང་ཚོགས་རྣམས་ཀྱིས་ཁས་ལེན་དང་བསྟོད་བསྔགས་ཀྱི་མེ་ཏོག་གང་སར་གཏོར་བཞིན་མཆིས།

               གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། ཤ་བོ་གསེར་མཚོ། ལྕགས་ཐར་ཚེ་རིང་། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།