ཕ་ཁྱིམ་ལྟ་བུའི་བདེ་སྐྱིད་རྒན་བཀུར་ཁང་།
2020.11.23 ཁུངས། ཀློག་གྲངས། 16


བདེ་སྐྱིད་རྒན་བཀུར་ཁང་གི་སྒོ་ཆེན།

 

བདེ་སྐྱིད་རྒན་བཀུར་ཁང་གི་རྒན་རྒོན་ཚོས་སྐོར་བྲོ་འཁྲབ་ཀྱིན་པ།

མཐོ་སྒང་གི་དགུན་ཁ་ཟེར་དུས་མི་རྣམས་ཀྱི་སྣང་ངོར་རླུང་དང་ཁ་བའི་ངར་ཁ་རྒོད་ཅིང་།ཙག་དང་བསེར་བུའི་རྒྱུ་བ་བཙན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་ཡིད་ལ་དྲན་ཡོང་སྲིད་མོད། འོན་ཀྱང་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བདེ་སྐྱིད་རྒན་བཀུར་ཁང་གི་ར་བསྐོར་ནང་དུ་རྒན་རྒོན་སྐོར་ཞིག་གིས་རོལ་དབྱངས་སྙན་མོའི་གྲེ་འགྱུར་ཁྲོད་ན་སྐོར་བྲོ་འཁྲབ་ཀྱིན་འདུག  ང་ཚོ་ར་སྐོར་ནང་དུ་ཐོན་པ་ན་ཨ་ཡེ་རྒན་མོ་ཞིག་གིས་ལག་ཏུ་རྩེད་ཤོག་ཅིག་བཟུང་ནས་ཕྱོགས་བསྡུས་ཐོག་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག་པས། ང་ཚོས་ཁོ་མོར་འཚོ་བའི་གནས་ཚུལ་སོགས་ཀྱི་ཐད་ནས་དྲིས་པ་ན། ཁོ་མོས་བཤད་རྒྱུར།  ངའི་མིང་ལ་ཡག་ཚེ་ཟེར། ངའི་རྒད་པོ་དང་ངེད་གཉིས་ལ་སྔོན་ཆད་ཆ་རྐྱེན་ཅི་ཡང་མེད། བུ་རྒྱུད་ཀྱང་མེད་པས་༢༠༡༦ལོར་རྒན་བཀུར་ཁང་འདིའི་ནང་དུ་ཡོང་བ་ཡིན། རྒན་བཀུར་ཁང་འདིའི་ནང་དུ་ཁང་བ་དང་ཟ་མ། གོན་པ་སོགས་ཅི་ཡང་ཡོད་པས་ཧ་ཅང་སྐྱིད་པོ་རེད། རྗེས་ཕྱོགས་ཀྱི་འཚོ་བར་ཡང་སེམས་ཁུར་ཅི་ཡང་མེད་ཀི་ཟེར།

གསར་འགོད་པས་བདེ་སྐྱིད་རྒན་བཀུར་ཁང་གི་རྒན་པ་ཡག་ཚེ་ལ་བཅར་འདྲི་བྱེད་བཞིན་པ། 

བདེ་སྐྱིད་རྒན་བཀུར་ཁང་གི་ཟ་ཁང་།


རྒན་རྒོན་ཚོས་ཟ་མ་ལེན་བཞིན་པ།

༢༠༡༦ལོར་འཛུགས་སྐྲུན་ལེགས་འགྲུབ་བྱུང་སྟེ་བཀོལ་སྤྱོད་བྱེད་མགོ་བརྩམས་པའི་བདེ་སྐྱིད་རྒན་བཀུར་ཁང་འདིའི་ནང་དུ་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་༡༦༨ཡོད་ལ། སྨན་བཅོས་ཁང་དང་ཟ་ཁང་། ལུས་སྦྱོང་ཁང་། ཁ་བརྡ་ཁང་། མིག་མངས་ཁང་སོགས་ལས་ཡོད་པར་མ་ཟད། འདུག་ཁང་རེ་རེའི་ནང་དུ་བརྙན་འཕྲིན་སོགས་གློག་ཆས་ཀྱང་སྒྲིག་ཡོད་པ་རེད། དེའི་ཐད་ནས་རྒན་བཀུར་ཁང་གི་འགོ་གཙོ་གདུགས་དཀར་གྱིས་ངོ་སྤྲོད་བྱས་བྱུང་སྟེ། ང་ཚོ་བདེ་སྐྱིད་རྒན་བཀུར་ཁང་ནི་༢༠༡༦ལོར་བཙུགས་ཤིང་། ད་ལྟ་རྒན་པ༡༨༦ཡོད་ལ། ཁོ་ཚོ་ནི་བུ་ཕྲུག་མེད་པ་དང་ངལ་རྩོལ་ནུས་ཤུགས་མེད་པའི་དཀའ་ཁག་ཅན་གྱི་ལོ་ལོན་དག་དག་ཡིན། དེ་བས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་དང་། རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྒན་གསོ་ཁང་འདི་བཙུགས་ཤིང་། ད་ལྟ་ཁོ་ཚོའི་འཚོ་བ་དང་བདེ་ཐང་སོགས་ཕྱོགས་གང་ཅིའི་ཐད་ལ་དཀའ་ཁག་མེད་པ་དང་། བུ་ཕྲུག་མེད་རུང་བུ་ཕྲུག་ལྟ་བུའི་ཞབས་ཞུ་བསྒྲུབ་མཁན་ཡོད་པས་ཁོ་ཚོར་དཀའ་ཁག་ཅི་ཡང་མེད། དེར་མ་ཟད་ང་ཚོ་ཀྲུང་གོ་རྒྱལ་ཁབ་ཀྱི་མི་རིགས་ང་དྲུག་ཚང་མ་ཕ་མ་གཅིག་གི་སྤུན་ཟླ་ལྟ་བུའི་འདུ་ཤེས་འཛིན་སྟངས་དང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཐད་ཀྱི་སྲིད་ཇུས་ལམ་ཕྱོགས་ནང་བཞིན། ང་ཚོ་རྒན་བཀུར་ཁང་གི་ལས་བཟོ་བ་དང་རྒན་རྒོན་ཚང་མས་ཁྱིམ་ཚང་གཅིག་གི་ཕ་མ་བུ་ཕྲུག་ལྟ་བུའི་འདུ་ཤེས་བཟུང་སྟེ་མཐུན་སྒྲིལ་བྱས་པས་ད་ལོར་ང་ཚོ་རྒན་བཀུར་ཁང་ལ་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་གྱི་བྱ་དགའ་ཐོབ་སོང་།

རྒན་བཀུར་ཁང་གི་འགོ་གཙོ་གདུགས་དཀར་ལ་བཅར་འདྲི་བྱེད་ཀྱིན་པ། 

བདེ་སྐྱིད་རྒན་བཀུར་ཁང་གི་ལུས་སྦྱོང་ཁང་།

བདེ་སྐྱིད་རྒན་བཀུར་ཁང་གི་བཙེམ་བཟོ་ཁང་། 

ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲོན་མོའི་ཉི་ཟེར་འོག་བདེ་སྐྱིད་རྒན་བཀུར་ཁང་གི་ལོ་ལོན་རྣམས་ལ་མཚོན་ན་ཉི་མ་རེ་རེའི་ཟ་འཐུང་སོགས་འཚོ་བའི་ཐད་ལ་འདང་བརྒྱག་གང་ཡང་བྱེད་མི་དགོས་པ་རེད།  གསར་འགོད་པས་ལོ་ན༧༦ཅན་གྱི་རྒད་པོ་ཆོས་སྐྱབས་ལ་བཅར་འདྲི་ཞིག་བྱས་པ་ན། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་། རྫོང་མི་དམངས་སྲིད་གཞུང་བཅས་ཀྱི་བཀའ་དྲིན་འོག་ང་ཚོར་འདུག་ཁང་དང་ཟ་ཁང་། ལྭ་བ།བརྙན་འཕྲིན་སོགས་ཅི་ཡང་ཡོད་ལ། ཉིན་གཅིག་ལ་ཟ་མ་ཐེངས་གསུམ་ཡོད་ཅིང་། ཞོ་དང་འོ་མ། སྔོ་ཚལ་སོགས་ཟ་མ་སྣ་མང་ཡོད། ད་རག་བར་དུ་ཁང་བ་འདི་འདྲའི་བཟང་པོ་ནང་ནས་འདུག་མྱོང་མེད་ལ།  འཚོ་བའང་འདི་འདྲའི་སྐྱིད་པོ་རོལ་མྱོང་མེད། ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། བཀའ་དྲིན་ཤིན་ཏུ་ཆེ་ཟེར།

གསར་འགོད་པས་བདེ་སྐྱིད་རྒན་བཀུར་ཁང་གི་རྒན་པ་ཆོས་སྐྱབས་ལ་བཅར་འདྲི་བྱེད་བཞིན་པ།


བདེ་སྐྱིད་རྒན་བཀུར་ཁང་གི་རྒན་པ་ཚོའི་སྡོད་ཁང་།

རྒན་པ་ཚོའི་མལ་ཁྲི།

སྡོད་ཁང་ནང་གི་གློག་ཆས།

རྒན་པ་ཚོས་ལྷོད་ལྷོད་ངང་ཁ་བརྡ་བྱེད་པ་དང་རྩེད་ཤོག་སོགས་རྩེ་བཞིན་པ། 

དགུན་ཟླ་བཅུ་བའི་དུས་ཚིགས་འདིར་མཐོ་སྒང་གི་ཡུལ་གྲུ་སོ་སོ་ཁ་བས་གཡོགས་ཤིང་།མཚོ་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་ལས་བརྒལ་བའི་འབྲི་སྟོང་རྫོང་གི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཅུ་གསུམ་ལ་སླེབས་ཡོད་ནའང་།ཡུལ་འདིའི་ལྷད་མེད་སེམས་བཟང་གི་མི་རྣམས་ཀྱི་གདོང་ལ་དགའ་སྐྱིད་ཀྱིས་ཁེངས་འདུག ལྷག་པར་དུ་བདེ་སྐྱིད་རྒན་བཀུར་ཁང་གི་ལོ་ལོན་རྒན་པ་ཚོར་མཚོན་ན་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་བརྩེ་སེམས་འོག་དགུན་རྒྱ་སྟག་འདྲ་བོའི་ངར་ཁ་རྒོད་རུང་རྒས་དུས་གཉོར་མཁན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད་པས་བདེ་སྐྱིད་དང་འཆམ་མཐུན་གྱི་ཀློང་ན་ཚེ་མཇུག་གི་འཚོ་བ་རོལ་བཞིན་མཆིས།

གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། ཤ་བོ་གསེར་མཚོ། ལྕགས་ཐར་ཚེ་རིང་། 

རྩོམ་སྒྲིག་འགན་ཁུར་པ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།