མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་དབུལ་སྐྱོར་འཕེལ་རྒྱས་གྲུབ་འབྲས།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 83

 “དབུལ་བཅོས་བྱེད་ན་སྔོན་ལ་རིག་རྨོངས་སེལ་དགོས་ལ། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་འཛིན་དགོས། སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བ་བཀག་འགོག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་དྲང་སྙོམས་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་དུ་འཇུག་པ་དང་། ཤེས་བྱ་མང་པོ་སློབ་པ།  རྩལ་ནུས་ཁོང་དུ་ཆུད་པ། ཕུགས་བསམ་གྱིས་ཁེངས་པ་བཅས་བྱས་ན། ད་གཟོད་སློབ་གསོའི་གནད་འཁེལ་དབུལ་སྐྱོར་གྱི་དམིགས་ཡུལ་འགྲུབ་ཐུབ།

དབུལ་ཕོངས་མི་གྲངས་མང་བ་དང་དབུལ་ཐར་གྱི་ལས་འགན་ལྕི་བའི་ད་ལྟའི་གནས་བབ་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། “ སློབ་བུ་གཅིག་ཀྱང་ཁྱིམ་ཚང་གི་ཆ་རྐྱེན་ལ་དཀའ་ཁག་ཆེ་བའི་དབང་གིས་སློབ་མཚམས་མི་འཇོག་པའི”དམིགས་འབེན་གཞིར་བཟུང་ཏེ།  རོགས་དངུལ་ཁྱོན་ཡོངས་ལ་ཁེབས་པ་དང་། སློབ་སྐྱོར་གཞི་རིམ་དུ་སྤེལ་བ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་དབུལ་སྐྱོར་རྣམ་པ་དང་དབུལ་སྐྱོར་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པས། མཚོ་སྔོན་གྱི་སློབ་གསོའི་དབུལ་སྐྱོར་ལས་དོན་གྱི་གསོན་ཉམས་ལྡན་པའི་རྣམ་པ་གང་ལེགས་སྒོས་མངོན།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཏུང་ལིན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་དབུལ་སྐྱོར་ལས་དོན་གྱིས་གནད་དོན་ཁྲིད་ཕྱོགས་དང་། དམིགས་འབེན་ཁྲིད་ཕྱོགས། འབྲས་བུ་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས་སྲིད་ཇུས་དང་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་།  ལས་ཀའི་འགན་འཁྲི་ཇེ་དྲག་ཏུ་བཏང་ནས་སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་། གནད་དོན་དག་ཐེར་ཡོ་བསྲང་དང་ཞན་ཆ་ཁ་གསབ་བྱེད་པར་སྐུལ་འདེད་བཏང་སྟེ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་བླངས་ཡོད།  2019ལོར་ཞིང་ཆེན་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་96.9%ཟིན་པ་དང་རྫོང42ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་སྣ་ཚོགས་དབུལ་ཐར་གྱི་བླང་བྱར་སླེབས་ཡོད།

མཚོ་སྔོན་དུ་ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ།  མཐོ་སྒང་ས་ཁུལ། དར་རྒྱས་ཞན་པའི་ས་ཁུལ་བཅས་ཀྱི་ཁྱད་ཆོས་དང་དཀའ་ཁག་ཡོད་ཚད་འདུས་ཡོད། གཅིག་བསྡུས་མུ་ འབྲེལ་གྱི་དམིགས་བསལ་དཀའ་ཁག་ཡོད་པའི་ས་ཁུལ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་ཡོངས་སུ་ཁྱབ་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དཀའ་གནད་ཆེ་ཤོས་ཞིང་ཆེན་གྱི་གྲས་ཤིག་ཀྱང་ཡིན་པ་རེད།

འབྲོག་ཁུལ་གྱི་དབུལ་ཕོངས་སློབ་མ་ཁྱིམ་ཚང་ལ་དཀའ་ཁག་ཆེ་བའི་དབང་གིས་སློབ་ཡོན་སྤྲོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་ཆེད།  མཚོ་སྔོན་ཞིང་ཆེན་གྱིས་སློབ་སྔོན་ སློབ་གསོ་ནས་མཐོ་རིམ་སློབ་གསོའི་བར་ཡོངས་སུ་ཁེབས་པ་དང་དུས་མཚམས་འབྲེལ་མཐུད་ཀྱི་སློབ་གསོའི་རོགས་དངུལ་མ་ལག་ཅིག་བསྐྲུན་པ་རེད།

ཁོར་ཡུག་དང་སློབ་གཉེར་ཆ་རྐྱེན། ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན། བསམ་བློའི་འདུ་ཤེས་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས།  མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་དང་ལྷག་པར་དུ་མི་རིགས་ས་ཁུལ་དང་རོང་འབྲོག་ས་ཁུལ་དུ་ཚད་མི་འདྲ་བའི་སློབ་ཤོར་གྱི་སྣང་ཚུལ་སྔར་བཞིན་གནས་ཡོད།

“འོས་འགན་སློབ་གསོའི་དུས་མཚམས་ཀྱི་བྱིས་པ་གཅིག་ཀྱང་ཉུང་མི་རུང་ལ་ཉིན་གཅིག་ཀྱང་འཐུས་ཤོར་གཏོང་མི་རུང་། དེ་ནི་སློབ་གསོ་དྲང་གཞག་ཡོང་བར་ངེས་པར་དུ་སྲུང་དགོས་པའི་མ་མཐའི་ཚད་ཐིག་ཅིག་ཡིན་ཞེས་ཏུང་ལིན་གྱིས་དེ་ལྟར་བཤད་བྱུང་། ཏུང་ལིན་གྱིས་མུ་མཐུད་དུ་བཤད་རྒྱུར། མིག་སྔར་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ཐད“སྲིད་གཞུང་གི་ལམ་ཐིག”དང“སློབ་གསོའི་ལམ་ཐིག”གི་ཕྱོགས་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་སློབ་གྲྭའི་སློབ་གཙོ་ལས་གཞན། གྲོང་རྡལ་གྱི་འགོ་གཙོ་དང་རྫོང་དཔོན་མང་པོས་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་ནས།  “སློབ་གསོར་འགན་འཁུར་བའི་གྲོང་རྡལ་གྱི་འགོ་གཙོ”དང་། “ སློབ་གསོར་འགན་འཁུར་བའི་རྫོང་དཔོན”མི་ཉུང་བ་ཞིག་ཐོན་ཡོད།

དེ་ནི་སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་པའི་དམག་འཐབ་བཟང་པོ་ཅིག་ཡིན།  བྱིས་པ་སློབ་ཤོར་དང་སློབ་མཚམས་མི་འཇོག་པ་བྱ་ཆེད། ས་གནས་ཁག་དང་སྡེ་ཁག་སོ་སོས་གྲོན་དངུལ་གཏོང་ཚད་ཇེ་མང་དུ་བཏང་ཏེ། ཕྱིར་ལོག་སློབ་མ་ཚང་མར་ཉལ་ཁང་དང་སློབ་དེབ། འདུག་སྟེགས་བཅས་བཀོད་སྒྲིག་གང་ལེགས་བྱས་པ་མ་ཟད། ཁོ་ཚོར་བརྩེ་སེམས་དང་ཐུགས་ཁུར། སློབ་ཁྲིད་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་ཡོད། ཞིང་ཆེན་ནོར་སྲིད་ཀྱིས་ཕྱིར་ལོག་སློབ་མར་ཁ་གསབ་རོགས་དངུལ་སྣ་ཚོགས་སྒོར་དུང་ཕྱུར7སྤྲད་པ་དང་།  གཉིས་མེད་གཅིག་གསབ་སྲིད་ཇུས་དང་འཚོ་བཅུད་ལེགས་གཏོང་འཆར་གཞི། དེ་བཞིན་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པའི་ལོ་15ཡི་སློབ་གསོའི་རོགས་དངུལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་ཤོར་དང་སློབ་མཚམས་ཆད་པའི་སློབ་མར་ཁ་ཏ་སློབ་གསོ་གང་ལེགས་བྱེད་པ་དང་། ཕྱིར་ལོག་དགོས་རིགས་ཚང་མ་ཕྱིར་ལོག་པ། རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བཅས་བྱས་ནས་སློབ་ཤོར་དང་སློབ་མཚམས་མི་འཇོག་པའི་གནས་ཚུལ་མེད་པར་བཟོས་ཡོད།

ཁྱོན་ཡོངས་ནས་ཞན་ཆ་ཇེ་ལེགས་སུ་བཏང་བས་སློབ་གྲྭར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

སྔོན་ཆད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་ཆུང་གཉིས་པའི་སློབ་ཁང་དང་ཉལ་ཁང་ཚང་མ་ནི་ས་ཁང་ཡིན་ཞིང་།  སྤུས་ཀ་ཞན་པའི་ནག་ཚས་བྱུགས་པའི་ཤིང་བཟོས་སྒོ་སམ་ཐོག་ས་སྨྱུག་གིས་བྲིས་རྗེས། ཅང་མ་འགོར་བར་ཡང་བསྐྱར་ནག་རྩི་བྱུགས་དགོས། སློབ་གྲྭའི་སྔོན་ཆད་ཀྱི་རྣམ་པ་གླེང་ཚེ། 2001ལོར་སློབ་གྲྭ་དེར་ཡོང་བའི་དགེ་རྒན་འཇམ་དབྱངས་མཚོ་ཡིས་སྔོན་ཆད་འབྲོག་ཁུལ་གྱི་སློབ་གསོའི་ཆ་རྐྱེན་ཧ་ཅང་ཞན། མི་རྣམས་ལ་བྱིས་པ་སློབ་གྲྭར་བསྐྱལ་བའི་འདུ་ཤེས་དེ་བས་མེད།  བྱིས་པ་མང་པོ་ཞིག་ཁྱིམ་གྱི་རྒན་པ་ཚོ་དང་མཉམ་དུ་ལུག་འཚོ་རུ་འགྲོ་བའམ་ཡང་ན་ཁྱིམ་དུ་རྩེད་མོ་རྩེ་བཞིན་བསྡད་ཡོད།  ད་ལྟ་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་དང་།  ལུས་རྩལ་ར་བ། འགྱིག་བཟོས་རྒྱུག་ལམ་སོགས་ལས་གཞི་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་ངང་ལག་བསྟར་བྱས་པས་སློབ་གྲྭར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་དེ་ལྟར་བཤད་བྱུང་།

སློབ་གཙོ་ཝང་ཀྲི་མེན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། སློབ་གྲྭས་སློབ་མ་རྣམས་ལ་སློབ་སྦྱོང་གི་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད།  མ་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་མང་དུ་བཏང་སྟེ། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་བ་དང་།  སྔོན་ཐོན་གྱི་སློབ་ཁྲིད་ཡོ་བྱད་ནང་འདྲེན་བྱས་ཤིང་། ད་ལྟ་དཔེ་དེབ་དང་དཔྱད་གཞིའི་ཡིག་རིགས་སྣ་ཚོགས་ཇེ་མང་དུ་ཕྱིན་པ་དང་སློབ་གསོ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་སོང་ཡོད་ཟེར།

གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོའི་ཟླ་9པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱེད་པའི་ལས་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས་པ་རེད།  ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་75ལྷག་དོན་འཁྱོལ་བྱས་ཡོད། ཨར་ལས་འཛུགས་སྐྲུན་ལས་གཞི1858དངོས་འབེབས་བྱས་པ་དང་།  སློབ་གྲྭའི་ཉལ་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ས་ཡ་གཅིག་འབུམ་བརྒྱད་ཁྲི་གསུམ་ལྷག་དང་།  ལུས་རྩལ་ར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ས་ཡ་གསུམ་འབུམ་བཞི་ལྷག དེ་མིན་སློབ་གྲྭའི་ཆ་ཚང་ཟུར་གཏོགས་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱས་པ་མ་ཟད། སློབ་ཁྲིད་དཔྱད་ཆས་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་སོགས་སྒྲིག་སྦྱོར་བྱས་པས།   སློབ་གྲྭ་འབྲིང་ཆུང་ཚང་མ་མཚོ་སྔོན་ཞིང་ཆེན་གྱི་གཞི་རྩའི་སློབ་གཉེར་ཚད་གཞིར་སླེབས་ནས་སློབ་གསོ་ཆ་འཕྲིན་ཅན་དང་དེང་རབས་ཅན་གྱི་ཆུ་ཚད་ཆེས་ཆེར་ཇེ་མཐོར་སོང་ཡོད།

གཞི་རིམ་གྱི་སློབ་གསོར་རོགས་སྐྱོར་བྱས་ནས་ཞིང་སྡེའི་བྱིས་པར་སྤུས་ལེགས་སློབ་གསོ་མྱོང་དུ་བཅུག

ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་ནས་ཕུལ་བྱུང་དགེ་རྒན་500སྐོང་འཐེན་བྱས་ནས་རོང་འབྲོག་ས་ཁུལ་དུ་སློབ་སྐྱོར་བྱེད་པར་མངགས།  དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་གནད་འཁེལ་དབུལ་སྐྱོར་འཆར་གཞིའི་ཁྲོད་ཀྱི་རྣམས་གྲངས་གཅིག་ཡིན། བྱ་ཐབས་དེས་སློབ་སྐྱོར་དགེ་རྒན་ཚོས་སྔོན་ཐོན་གྱི་སློབ་གསོའི་བསམ་བློ་དང་འདུ་ཤེས་རོང་འབྲོག་ཁུལ་གྱི་སློབ་གྲྭར་བཏོན་པ་མ་ཟད། རོང་འབྲོག་ཁུལ་གྱི་སློབ་མར་གཅེས་སྐྱོང་བྱས་ནས།  ཁོ་ཚོར་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་བར་ཆུ་ཚད་མཐོ་བའི་སློབ་གསོ་མྱོང་དུ་བཅུག་པ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་གསོ་སྦྱོང་དང་ཞིང་ཆེན་གྱི་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། 《མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་ལོ་གསུམ་གྱི་གསོ་སྦྱོང་འཆར་འགོད་》ལག་བསྟར་བྱས་ཏེ། དགེ་རྒན་གྱི་གསོ་སྦྱོང་ལས་དོན་ལ་ཁྱོན་ ཡོངས་ནས་ཤུགས་སྣོན་དང་ལེགས་བཅོས་བྱས། ཁུ་ནུ་སྣེ་འཁྲིད་འཆར་གཞི་དང་རྐང་འཛིན་འཚར་ལོངས་འཆར་གཞི། ནུས་ཤུགས་མཐོར་གཏོང་འཆར་གཞི་བཅས་ལག་བསྟར་བྱེད་འགོ་བརྩམས་ཏེ། དགེ་རྒན་གསོ་སྦྱོང་གི་ལས་གཞིར་སྐུལ་འདེད་དང་།  དགེ་རྒན་དང་སློབ་གྲྭའི་འགོ་གཙོའི་ཆེད་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། དབུལ་ཕོངས་ས་ཁུལ་གྱི་དགེ་རྒན་དཔུང་ཁག་གི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་།

《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་དང་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་དགེ་རྒན་གྱི་རྒྱབ་སྐྱོར་འཆར་གཞི(2015ལོ་ནས་2020ལོ་བར)ལག་བསྟར་བྱ་ཐབས》སོགས་སྲིད་ཇུས་ཡིག་ཆ་གཏན་འཁེལ་འགྲེམ་སྤེལ་བྱས་ཏེ།  ཧུར་ཐག་གིས་དབུལ་ཕོངས་ས་ཁུལ་ལ་ཁ་ཕྱོགས་པ་དང་། སློབ་ཁྲིད་ཡག་པོ་བྱེད་ཐུབ་པའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་སྐྲུན་བྱས་ཡོད། 2016ལོ་ནས་བཟུང་ཞིང་སྡེའི་ དགེ་རྒན་གྱི་འཚོ་བའི་ཁ་གསབ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་བས་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དགེ་རྒན་ཁྲི་གཉིས་སྟོང་གཅིག་ལ་ཕན་ཁེ་ཐོབ་ཡོད།

ཧུར་ཐག་གིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་ཐོབ་ཐང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། དམིགས་བསལ་གྱི་ལས་གནས་ཐོབ་ཐང་ ཞིབ་དཔྱད་སྲིད་ཇུས་ལག་བསྟར་བྱས་པ་དང་། འཕྲལ་དུ་དཔྱད་འདེམས་དང་གདན་བསྐོ་བྱེད་པ་མངོན་འགྱུར་བྱས་ཏེ།  ཞིང་སྡེའི་དགེ་རྒན་གྱི་དཔུང་ཁག་ཇེ་བརྟན་དུ་བཏང་། དམིགས་བསལ་ལས་རྐང་གི་དགེ་རྒན་སྲིད་ཇུས་ལེགས་སྒྲིག་བྱས་ནས་ལོ་དེར་གདན་ཞུ་དང་ལོ་དེར་སྒྲིག་ཁོངས་སུ་འཇུག་ཐུབ་པ་མངོན་འགྱུར་བྱས་ནས་དགེ་རྒན་ཕྱིར་ཤོར་བའི་སྣང་ཚུལ་ཡོངས་སུ་ཐག་བཅད།

རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་ཆུ་ཚད་ཇེ་མཐོར་བཏང་།

དབུལ་ཕོངས་མི་གྲངས་མང་པོའི་ཁྲོད་མི་མང་པོ་ཞིག་སློབ་འབྲིང་གི་དུས་རིམ་ནས་མཐར་ཕྱིན་རྗེས། མུ་མཐུད་དུ་སློབ་གསོ་དང་ལེན་བྱེད་མ་ཐུབ་ན། གཅིག་ནས་རྩལ་ནུས་ཀྱི་རྒྱབ་སྐྱོར་མེད་པ་དང་། གཉིས་ནས་སློབ་གཉེར་བརྒྱུད་རིམ་མེད་པས།  ངལ་རྩོལ་ནུས་ཤུགས་ལྷག་མ་དེ་རིགས་ཀྱིས་ཡོང་འབབ་བསྐྲུན་མི་ཐུབ་པ་མ་ཟད། སྤྱི་ཚོགས་དང་ཁྱིམ་ཚང་གི་ཁག་ཁུར་དུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་སློབ་གསོ་དང་རྩལ་ནུས་དབུལ་སྐྱོར་ལ་མཐོང་ཆེན་བྱས་ནས། ཧུར་ཐག་གིས་སློབ་མ་གཅིག་གསོ་སྐྱོང་དང་། ནུས་རྩལ་གཅིག་སྦྱོང་བ། ཁྱིམ་ཚང་གཅིག་དབུལ་ཐར་ཐུབ་པ་བཅས་བྱས་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ལས་རིགས་སློབ་གསོའི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་དཔེ་སྟོན་དང་གཙོ་གནད་འབྲིང་རིམ་ལས་རིགས་སློབ་གྲྭ་24ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། ལས་ཞུགས་ཅུང་བཟང་བའི་ཆེད་ལས་107བདམས་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་ཁྲོད་ནས་སློབ་མ་བསྡུ་ལེན་བྱས། གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་གནད་སྨིན་ཞབས་ཞུ་ཡག་པོ་བསྒྲུབས་ནས་སློབ་རིམ་འཕར་མེད་པའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་ཐོན་སློབ་མ་དང་། རོང་འབྲོག་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། དབང་པོ་སྐྱོན་ཅན། ལས་སྒྱུར་མི་སྣ། ལས་བྲལ་ལས་ཤོར་མི་སྣ་སོགས་ལ་དམིགས་ནས་ཆེད་དོན་རྩལ་ནུས་གསོ་སྦྱོང་བྱས་པ་རེད།

“ལྗོན་ཤིང་གསོ་བར་ལོ་བཅུ་དང་མི་གསོ་སྐྱོང་བྱེད་པར་ལོ་བརྒྱ། སློབ་གསོར་ཕན་འབྲས་ཐོན་པ་ནི་བརྒྱུད་རིམ་རིང་མོ་ཞིག་ཡིན་ལ། སློབ་གསོའི་དབུལ་སྐྱོར་ཡང་ཡུན་རིང་གི་དམག་འཐབ་ཞིག་ཡིན་པ་སྨོས་མེད་རེད། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་ནན་པོ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་གྱི“འགན་ལེན་གཉིས་དང་སེམས་ཁྲལ་མེད་པ་གཉིས”ཀྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ་སློབ་མ་དབུལ་པོ་སློབ་མཚམས་མི་འཇོག་པར་ཁག་ཐེག་བྱ་རྒྱུ་ལྟེ་བར་བྱེད་པ་དང་། སློབ་གསོའི་དབུལ་སྐྱོར་གྱི་དྲང་ནུས་ཆེན་པོ་གཅིག་བསྡུས་བྱེད་པ།   དབུལ་སྐྱོར་བྱ་རྒྱུ་དེ་བློ་སྐྱོར་དང་རིག་སྐྱོར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བ་བཀག་འགོག་བྱས་ཏེ།  སྤུས་ཚད་མཐོ་བའི་སྒོ་ནས་གནད་འཁེལ་དབུལ་ ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་པར་འགན་ལེན་བྱས་ཡོད།

ལོ་ཙཱ།སྒྲོལ་མ་སྐྱིད།