མཛོ་མོ་གསོ་སྤེལ་བྱེད་པ་དེས་འབྱོར་འབྲིང་གི་འཚོ་བར་བསྐྱོད་པའི་རྨི་ལམ་མངོན་འགྱུར་བྱེད་དུ་བཅུག
2021.02.18 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 24

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྨར་ཁོག་ཡུལ་ཚོ་རྩེ་མདའ་སྡེ་བའི་ཡངས་པའི་རྩྭ་ཐང་གི་གཞི་རུ་ཞོགས་པའི་ཉི་གཞོན་འོད་ལམ་མེར་འཕྲོ་བཞིན་ཡོད་པ་དང་། རྩེ་ཆུས་དགའ་སྤྲོའི་གླུ་སྒྲ་དང་བཅས་མདུན་ཕྱོགས་སུ་བཞུར་བཞིན་ཡོད་ལ། ཤ་ཤེད་རྒྱས་པའི་ནོར་གནག་མཚམས་ལན་རེར་གཟན་ལ་བཀྲམས་པ་དང་། མཚམས་ལན་རེར་དྭངས་གཙང་གི་ཆུ་མོ་འཐུང་བཞིན་ཡོད་ཅིང་། རྒྱང་རིང་ནས་ལྟོས་ན་སྤྲིན་དཀར་གྱི་འདབ་མ་གང་སར་རྒྱུ་བ་དང་ཀུན་ནས་མཚུངས།

ནམ་ཟླ་དགུན་གྱི་དུས་སུ་སླེབས་པ་དང་། རྩྭ་ཐང་དུ་སྔ་མོ་ནས་འཁྱགས་པས་བསྡམས་འདུག ཡིན་ཡང་མང་ཚོགས་རྣམས་ཀྱིས་བདེ་སྐྱིད་འཚོ་བར་བརྩོན་པའི་གོམ་སྟབས་ནམ་ཡང་ལྷོད་མེད་པ་རེད།

ལོ་ན་རེ་བརྒྱད་ལ་སོན་པའི་རིན་མཚོ་ནངས་སྔ་མོ་ནས་ཡར་ལངས་པར་གོམས་ཡོད། ནམ་གསལ་མ་གསལ་ལ་ཁོ་མོས་ཆུ་ཟོ་གཉིས་ཁྱེར་ཏེ་ཕྱུགས་རར་བསྐྱོད། མཛོ་མོ་བཅུ་ལྷག་ཡོད་པ་དེས་ཁོ་མོ་ཡོང་བར་སྒུག་བསྡད་ཡོད་པ་དང་མཚུངས། ཧ་ལམ་དུས་ཚོད་གཅིག་ཙམ་འགོར་རྗེས། ཟོ་གཉིས་ཀྱི་ནང་དུ་འོ་མ་བཀང་བཞོས་འདུག རིན་མཚོ་ཡིས་མཛོ་མོར་རྩྭ་སྐྱ་འགའ་བྱིན་རྗེས་དགའ་སྤྲོའི་ངང་ཟོ་གཉིས་བཟུང་ནས་རང་ཁྱིམ་དུ་ལོག

ཐབ་ཀའི་ནང་ལྕི་བ་འགའ་བསྣན་རྗེས། མེ་ལྕེ་སྔར་ལས་ཇེ་ཆེར་གྱུར། དེའི་འཕྲོར་མར་དཀྲོགས་བྱེད་ཀྱི་སླ་ང་ཆེན་པོ་དེ་ཐབ་མགོར་བསྐྱོན་རྗེས་གསར་དུ་བཞོས་པའི་འོ་མ་རྣམས་སླ་ངའི་ནང་བླུགས་ཏེ་བསྐོལ་ཞོར་དང་དཀྲུགས་ཞོར་བྱས། ཁོ་མོའི་བྱང་ཆ་ལྡན་པའི་ལས་ཀའི་ཁྲོད་མར་ལོ་དཀྲུགས་ནས་ཐོན་པ་དང་ཕྱུར་བ་ཡང་ཐོན། ཁོ་མོས་མར་རྣམས་ཆེད་དུ་མར་འཇོག་སའི་ཤིང་ཟོ་ཞིག་ཏུ་བླུགས་རྗེས་ཆེ་ཆུང་མི་འདྲ་བའི་འཕྱུར་བ་རྣམས་རས་ཐུམ་ཞིག་གི་སྟེང་བླུགས་རྗེས་ཕྱི་རོལ་དུ་ཁྱེར་ནས་ཉི་མར་སྐམ།

རྩེ་མདའ་སྡེ་བའི་མཛོ་མོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་བ་ལྷ་བརྟན་གྱིས་བཤད་རྒྱུར། ཁོ་ཚང་ནི་ཆེས་སྔ་མོར་མཉམ་ལས་ཁང་དུ་ཞུགས་མཁན་གྱི་སྡེ་མི་ཞིག་ཡིན་པ་དང་། རིན་འཚོ་ཡི་སྐྱེས་པ་ནི་མཉམ་ལས་ཁང་ནང་གི་ཕྱུགས་འཚོ་མཁན་ཞིག་ཡིན། རིན་འཚོ་ནི་འོ་མ་བཞོ་མཁན་ཞིག་ཡིན་ལ། འོ་མ་གསར་བ་མཉམ་ལས་ཁང་དུ་བསྐྱལ་ཆོག་པ་དང་། མར་དང་འཕྱུར་བ་དཀྲུགས་ནས་ང་ཚོར་བྱིན་ཀྱང་ཆོག བཟའ་ཟླ་གཉིས་ལ་ཟླ་རེར་སྒོར་མོ་སྟོང་གསུམ་གྱི་ཟླ་ཕོགས་ཡོད་པ་ལས་གཞན། ལོ་རེར་ད་དུང་བྱ་དགའི་སྒོར་མོ་ཀྱང་མང་པོ་ཡོད་པ་རེད་ཟེར།

རྩེ་མདའ་སྡེ་བ་ནི་པད་མ་རྫོང་མཁར་གྱི་ནུབ་རྒྱུད་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པ་དང་། ཆ་སྙོམས་ས་མགོའི་མཐོ་ཚད་ལ་མུས་སྟོང་གསུམ་དང་བརྒྱད་བརྒྱ་ཡན་ཡོད་པ་དང་། སྡེ་བ་ཡོངས་སུ་ཁྱིམ་ཚང་བརྒྱ་དང་རེ་དགུ་དང་མི་དྲུག་བརྒྱ་བདུན་ཅུ་ཡོད་པ་རེད།

ལྷ་བསྟན་གྱིས་རྩིས་ཐོ་རྙིང་བ་ཞིག་སློག་བཞིན་བཤད་རྒྱུར། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཇེ་ཆེ་དང་སྡེ་མི་སྔར་ལས་མང་པོ་ཕྱུག་པོར་གྱུར་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་ཐུབ་པར་བྱེད་ཆེད། 2018ལོར་རྩེ་མདའ་སྡེ་བས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་བརྒྱད་བརྩོན་ལེན་བྱས་ཏེ། མཛོ་མོ་གསོ་སྤེལ་གྱི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་། དེའི་ནང་སྒོར་མོ་ས་ཡ་གཅིག་མཛོ་མོ་དགུ་བཅུ་གོ་ལྔ་ཉོ་བའི་ཐད་ལ་བཏང་བ་དང་། ས་ཡ་གཉིས་དང་འབུམ་བརྒྱད་གཅིག་བསྡུས་ཀྱིས་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་ལ་བཏང་། མིག་སྔར། ཕྱུགས་ཟོག་བཞི་བརྒྱ་དང་ལྔ་བཅུ་ཡོད་པ་དང་། དེའི་ནང་མཛོ་མོ་བརྒྱ་དང་ལྔ་བཅུ་ཡོད་པ་དང་། སྡེ་མིས་མ་རྐང་དུ་བཞག་པའི་མོ་ཕྱུགས་སུམ་བརྒྱ་ཡོད་པ་རེད། ན་ནིང་སྒོར་མོ་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་བདུན་བརྒྱ་ཞེ་བཞི་བྱ་དགར་བྱིན་པ་དང་། ཁྱིམ་ཚང་བརྒྱ་དང་བཞི་བཅུའི་མི་ལྔ་བརྒྱ་དང་དོན་བདུན་ལ་ཁེ་ཕན་ཐོབ་པ་རེད། དེའི་ནང་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་ཁྱིམ་ཚང་ཞེ་བརྒྱད་དང་མི་ཉིས་བརྒྱ་ཡོད་པ་རེད།

ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་དང་ཚོགས་མིར་ཁེ་སྤོགས་བགོ་བྱ་རྒྱག་པའི་ཚོགས་ཆེན་སྟེང་། འབྲོག་པ་མང་ཚོགས་ཚོའི་གདོང་ལ་འཛུམ་གྱིས་ཁེངས་པ་དང་། ལུས་ལ་གཟབ་འཕྱོར་སྤྲས་ནས་ལོ་གསར་ལ་རོལ་བ་ལས་དགའ་བ་ལྷག་ཏུ་རྒྱས་འདུག ཞོགས་པ་སྔ་མོ་ནས་ཡུལ་ཚོ་སྲིད་གཞུང་གི་ཁེ་སྤོགས་བགོ་བྱ་རྒྱག་སའི་ཚོགས་འདུར་ཐོན་འདུག དགའ་སྤྲོའི་སེམས་པ་དེ་ཚོར་བར་བྱེད་ཆེད། ཁེ་སྤོགས་བགོས་པའི་འབྲོག་པ་མང་ཚོགས་ཚོས་དགའ་བའི་བྲོ་གར་འཁྲབ་ནས་ཏང་གི་སྲིད་ཇུས་བཟང་བོས་ཁོ་ཚོར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་དུ་བཅུག་པ་ལ་བཀའ་དྲིན་ཞུས་ཞེས་དམར་ཁོག་ཡུལ་ཚོ་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་ན་ནིང་གི་ཁེ་སྤོགས་བགོ་བའི་རྣམ་པར་ཕྱིར་དྲན་བྱེད་བཞིན་ད་དུང་དགའ་སྤྲོས་སེམས་འགུལ་ཐེབས་བཞིན་འདུག

ཀླུ་རྒྱལ་ཚེ་རིང་གིས་རྩེ་མདའ་སྡེ་བས་མཛོ་མོ་གསོ་སྤེལ་བྱེད་དོན་ནི་གཙོ་བོ་གཤམ་གྱི་ཁྱད་སྟོབས་འདི་དག་ལ་ལྟོས་པ་ཡིན་པར་འདོད་དེ། རང་བྱུང་གི་རྩྭ་ས་བཟང་པོ་ཡོད་པ་དང་། འབྲོག་པ་མང་ཆེ་ཤས་ལ་ཅུང་བཟང་བའི་རྩལ་ནུས་གསོ་སྦྱོང་ཐོབ་ཡོད་ལ། གསོ་སྤེལ་མ་ལག་རྩལ་ལྟོས་བཅོས་ཀྱིས་བཟང་། མཛོ་མོའི་གསོ་སྤེལ་གྱི་དུས་ཡུན་ཐུང་བ་དང་། ལོ་གཅིག་ནས་གཉིས་ཀྱི་རིང་ལ་གསོ་ཁ་ནས་འབུད་ཐུབ། མཛོ་མོའི་ཉིན་གཅིག་གི་འོ་མའི་ཐོན་ཚད་དེ་བ་མོ་ལས་སྤྱི་རྒྱ་གཉིས་ཡས་མས་ཀྱིས་མང་ལ། རྒྱུད་སྤེལ་བའི་དུས་ཡུན་ཡང་ཐུང་བ་རེད།

དོན་དངོས་ཀྱིས་བདེན་དཔང་བྱས་པ་ལྟར་ན། མཛོ་མོའི་གསོ་སྤེལ་ཐོན་ལས་ནི་རྩེ་མདའ་སྡེ་བའི་མང་ཚོགས་ཀྱི་འདོད་བློ་ཡིན་པ་དང་། དཔལ་འབྱོར་གྱི་ཕན་འབྲས་ཀྱང་མངོན་གསལ་ཡོད་པ་རེད། དེ་བས། རྩེ་མདའ་སྡེ་བས་སྔར་ལས་ལྷག་པའི་སྒོ་ནས་གསོ་སྤེལ་གཞི་ཁྱོན་རྒྱ་བསྐྱེད་ཆེད། ད་ལོའི་ལོ་མགོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་སྒོར་མོ་འབུམ་བཞི་བླངས་ནས་ཡང་བསྐྱར་མཛོ་མོ་བཞི་བཅུ་ཉོས་པ་དང་། གླང་བུ་དང་། བ་མོ་ཉོས་ནས་རྒྱུད་སྤེལ་བ་ལས་རྒྱུད་བཟང་གསོ་སྤེལ་མ་ལག་ཆ་ཚང་ཞིག་གྲུབ་པར་བྱས།

མཛོ་མོའི་འོ་མ་ཐོན་ཚད་མང་བའི་རྐྱེན་གྱིས་ཁོ་ཚོས་འོ་མས་ཞོ་དང་། མར། འཕྱུར་བ་སོགས་འོ་མའི་ཐོན་རྫས་དཀྲུགས་བཞིན་ཡོད་ཅིང་། དེ་ལ་ས་དེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་བྱེད་བཞིན་ཡོད་པས་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཅུང་བཟང་པོ་བླངས།

མཉམ་ལས་ཁང་གི་འཕེལ་རྒྱས་སྔར་ལས་གཞི་ཁྱོན་ཅན་དུ་འགྱུར་བ་དང་། དཔལ་འབྱོར་གྱི་ཕན་འབྲས་སྔར་ལས་ཇེ་བཟང་དུ་གཏོང་ཆེད། ཀླུ་རྒྱལ་ཚེ་རིང་དང་ལྷ་བསྟན་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ཁང་གི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་བརྒྱ་ཆའི་སུམ་ཅུའི་མ་དངུལ་དེ་མཉམ་ལས་ཁང་གི་འཁོར་བསྐྱོད་འཕེལ་རྒྱས་མ་དངུལ་བྱེད་པ་དང་། བརྒྱ་ཆའི་བདུན་ཅུའི་ཁེ་སྤོགས་དེ་མཉམ་ལས་ཁང་དུ་ཞུགས་པའི་ཚོགས་མི་རྣམས་ལ་བགོ་བྱ་རྒྱག་རྒྱུ་བྱས་པ་དེས་འབྲོག་པ་མང་ཚོགས་རྣམས་རྐང་བདག་དུ་གྱུར་བ་དང་།  མ་དངུལ་དེ་རྐང་དངུལ་དུ་གྱུར་ཏེ། མུ་མཐུད་དུ་འབྲོག་པ་མང་ཚོགས་ཀྱི་ཕྱུག་འགྱུར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

ཀླུ་རྒྱལ་ཚེ་རིང་མཉམ་ལས་ཁང་གི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ནས་བཤད་རྒྱུར། རྗེས་ཕྱོགས་ད་དུང་མུ་མཐུད་དུ་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་བཅོས་སྒྱུར་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་གཞིའི་རྐང་དངུལ་ཕབ་པའི་ཚད་དང་། རྩྭ་སའི་རིམ་པ་དགར་བ། ཕྱུགས་ཟོག་གི་རིགས། རེས་བསྐོར་ནས་ཕྱུགས་འཚོ་ས་དབྱེ་བ། མཉམ་ལས་ཁང་གི་ལམ་ལུགས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་སོགས་བྱ་བ་སྒྲུབ་སྟེ། མཐའ་མཇུག་ཕན་འབྲས་མཐོ་བ་དང་། སྐྱེ་ཁམས། བདེ་འཇགས། ཁོར་ཡུག་སྲུང་སྐྱོབ་སོགས་སྐྱེ་ཁམས་གསོ་སྤེལ་གྱི་རྣམ་པ་ཞིག་གྲུབ་དུ་འཇུག་རྒྱུ་ཟེར།

སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས་ན་ཕྱུགས་ཟོག་གི་གྲངས་ཀ་ཁོ་ན་མི་བསམ་པར་ད་དུང་རྩྭ་སའི་ཐེག་ཚད་ལའང་བསམ་བློ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱེད་དགོས་པར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། དེ་བས། མཉམ་ལས་ཁང་ཆེས་ཐོག་མར་འཛུགས་པའི་སྐབས་སུ། ཁོ་ཚོས་ཧུར་ཐག་གིས་རྩྭ་ས་ལེགས་སྒྲིག་བྱས་ཏེ། རྩྭ་སའི་ཐེག་ཚད་ལྟར་ཕྱུགས་འཚོ་བ་ལག་བསྟར་ནན་མོ་བྱས། མིག་སྔའི་བར་དུ། ང་ཚོས་ལེགས་སྒྲིག་བྱས་པའི་རྩྭ་སའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི་གཅིག་དང་སྟོང་དགུ་བརྒྱད་བརྒྱ་ཡོད་པ་དང་། ལེགས་སྒྲིག་བྱས་པའི་ཚད་བརྒྱ་ཆའི་གོ་ལྔར་སླེབས་ཡོད་ལ། རྩྭ་ས་ཉམས་ཞན་དུ་གྱུར་སར་སྔོ་རྩྭ་བཏབ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལམ་བུ་ཞིག་རྒྱུན་འཁྱོངས་བྱས་ཞེས་ཀླུ་རྒྱལ་ཚེ་རིང་གིས་དེ་ལྟར་བཤད་པ་དང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་ང་ཚོའི་མཉམ་ལས་ཁང་དེ་ད་ལོར་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཚོད་ལྟ་བྱེད་སར་བདམས་པ་རེད་ཟེར།

རྗེས་ཕྱོགས་ཀྱི་མཉམ་ལས་ཁང་གི་འཕེལ་རྒྱས་སྐོར་གླེང་སྐབས། ཀླུ་རྒྱལ་ཚེ་རིང་གིས་བཤད་རྒྱུར། ཐོན་ལས་གཙོ་བོའི་ཐོན་ལས་མུ་མཐུད་དུ་དམ་འཛིན་བྱས་ཏེ། རྩེ་སྟོད་སྡེ་བའི་འབྲི་གཡག་དང་། མཱ་ཀི་ལི་སྡེ་བའི་བ་མོ། རྩེ་མདའ་སྡེ་བའི་མཛོ་མོ་སོགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གསུམ་བཙུགས་པ་དེ་མཉམ་འབྲེལ་ཁང་བྱས་ཏེ། ཐོན་རྫས་ཡོད་ཚད་ཕྱོགས་བསྡུས་སྒོས་གསར་སྤེལ་བྱེད་པ་དང་། གཅིག་གྱུར་གྱིས་ཕྱིར་འཚོང་དང་། ལས་གཉེར། དོ་དམ། ཞབས་ཞུ་སྒྲུབ་པའི་སྟེགས་བུ་སོགས་བཙུགས་ཏེ། མཉམ་ལས་ཁང་འཁོར་བསྐྱོད་བཟང་པོ་བྱེད་པར་འགན་སྲུང་བྱས། འབྲོག་ཁྱིམ་མཉམ་ལས་ཁང་དུ་ཞུགས་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་ན། རྩྭ་ས་དང་ཕྱུགས་ཟོག་ལེགས་སྒྲིག་གི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་ཁ་འཐོར་སྒོས་གསོ་སྤེལ་བྱེད་པའི་རྣམ་པ་བསྒྱུར་ཏེ་གཅིག་བསྡུས་སྒོས་གསོ་སྤེལ་བྱེད་དགོས། ཕྱུགས་ཟོག་གསོ་ཁ་ནས་འབུད་པའི་བྱ་བ་བཟང་བོར་སྒྲུབ་སྟེ། ཕྱུགས་ཟོག་གསོ་ཁ་ནས་འབུད་པའི་ཚད་ལ་ཁག་ཐེག་བྱེད་དགོས།

ཉེ་བའི་ལོ་འགའི་རིང་ལ། པད་མ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་སྲིད་གཞུང་གིས་སྣེ་ཁྲིད་དང་། ཁྲོམ་རའི་འཁོར་བསྐྱོད། ས་གནས་རང་གི་གནས་ཚུལ་དང་བསྟུན་པ། ཕྱོགས་མང་པོའི་འཕེལ་རྒྱས་ཀྱི་ལམ་དུ་བསྙེག་ཡོད་པ་སོགས་ཀྱི་ལམ་ཕྱོགས་གསར་བའི་སྟེང་དུ་བསྐྱོད་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་འབྲོག་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འབྲོག་པའི་རྩ་འཛུགས་ཅན་གྱི་ཚད་རིམ་མཐོར་འདེགས་གཏོང་བྱེད་དུ་གྱུར་བ་དང་། ཕྱུགས་ལས་གཞི་ཁྱོན་ཅན་ལ་སྐུལ་འདེད་དང་། གཅིག་བསྡུས་ཅན། ཐོན་ལས་ཅན་དུ་ལས་གཉེར་བྱེད་པའི་གྲུབ་ཚུལ་གཙོ་བོ་དང་ཕྱུགས་ལས་ཐོན་རྫས་ཁྲོམ་རར་འདྲེན་པའི་ཟམ་པ་ལྟ་བུའི་སྣེ་འདྲེན་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པར་རྨང་གཞི་སྲ་བརྟན་བཏང་ཡོད།

ང་ཚོ་བཅར་འདྲིའི་ས་ཚིགས་དེ་དང་ཁ་འབྲལ་སྐབས་རིན་འཚོ་ཡིས་ཉིན་འགའི་སྔོན་ལ་སྐམ་པའི་འཕྱུར་བ་ལྟ་བསྟན་ལ་སྤྲད་ནས“ཧྲུའུ་ཅི་ལགས། འདི་ནི་ངའི་ཉིན་འགའི་སྔོན་ལ་སྐམ་ཟིན་པའི་འཕྱུར་བ་ཡིན། ཁྱེད་ཚོས་འཁྱེར་ཆོག”ཞེས་བཤད།

སྐབས་དེར། རིན་འཚོ་ཡི་བཟའ་ཟླ་རིག་ལྡན་གྱི་ཕྱུགས་ཁྱུ་དེད་དེ་ཕྱིར་ཁྱིམ་དུ་ལོག་བྱུང་། རིག་ལྡན་གྱི་གདོང་ལ་འཛུམ་ཞིག་ལངས་ནས་མཉམ་ལས་ཁང་ཤིན་ཏུ་བཟང་། ན་ནིང་ཕྱུགས་ཟོག་བཅུ་མ་རྐང་དུ་བཞག་པ་དང་། ད་ལོར་ཕྱུགས་ཟོག་ལྔ་བཅུ་ཇེ་མང་དུ་བཏང་ཡོད། ཉིན་འདི་འགར་ཡང་ཁེ་སྤོགས་བགོ་རྒྱུ་ཡོད་པ་རེད་ཞེས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།