ནོར་ལུག་ལ་བརྟེན་ནས་འབྱོར་འབྲིང་གི་འཚོ་བའི་ཕྱོགས་སུ་བསྐྱོད།
2021.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཏང་ཡོན་ཉེར་བརྒྱད་ཀྱི་སྣེ་ཁྲིད་དེ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་སོ་བདུན་གྱི་མི་གྲངས་སུམ་བརྒྱ་དང་ང་བཞི་མཉམ་ལས་ཁང་དུ་ཞུགས་པ་དང་། མཉམ་ལས་ཁང་དུ་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས། མ་རྐང་དུ་བཞག་པའི་རྩྭ་སྤྱི་ཆིངས་སྟོང་གཉིས་དང་དྲུག་བརྒྱ་བཅུ་གསུམ་ལྷག་ཡོད་པ་དང་། རྨོ་ཞིང་སྤྱི་ཆིངས་བརྒྱ་དང་དོན་གསུམ་ཡོད་ལ། རྒྱུད་བཟང་འབྲོག་ལུག་སྟོང་དྲུག་དང་ལྔ་བརྒྱ་ཉི་ཤུ་ཡོད་པ་དང་། མ་རྐང་དུ་བཞག་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་ཡུལ་ཚོ་ཚི་ཝན་ཏ་བཱ་སྡེ་བར་བསྐྱོད་སྐབས་རབ་འོག་མའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་སེམས་དགའ་བར་བྱེད་པ་ཞིག་རེད། ཡིན་ནའང་། ལོ་གསུམ་གྱི་སྔོན་ལ། གནས་འདི་ད་དུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་དབུལ་ཕོངས་སྡེ་བའི་གྲས་ཤིག་ཡིན་པ་རེད།

སྡེ་མི་ཚོས་སྲོལ་རྒྱུན་གྱི་ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁྱིམ་ཚང་རེ་རེར་ནོར་ལུག་ཡོད་ཀྱང་། ཁྱིམ་ཚང་སོ་སོར་ངལ་རྩོལ་པ་མེད་པ་རེད། ལོ་འགའི་སྔོན་ལ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེ་ཚེ་རིང་གིས་གིས་རྩིས་ཤིག་བརྒྱབ་རྗེས་དོན་དག་གལ་ཆེན་ལ་འཕྲད་དུས་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་བྱེད་དགོས་ཞེས་བཤད།

ཞིབ་འཇུག་བྱས་པ་བརྒྱུད། ཚི་ཝན་ཏ་བཱ་སྡེ་བས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ས་དེའི་རྩྭ་ས་བཟང་བོ་དང་། ས་ཁོངས་ཀྱི་རྒྱ་ཁྱོན་ཆེ་བའི་ཁྱད་སྟོབས་ལ་གཞི་བཅོལ་རྒྱུ་ཐག་གཅོད་བྱས་ནས། སྤུས་ཚད་མཐོ་བའི་ཕྱུགས་ལས་འཕེལ་རྒྱས་སུ་བཏང་།  དེ་བས། 2018ལོར། ཚི་ཝན་ཏ་བཱ་སྡེ་བའི་རབ་འོག་མའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་རྣམ་པ་ཐོག་མར་གྲུབ། ཡིན་ནའང་། མ་དངུལ་གྱི་རྒྱབ་སྐྱོར་མེད་པ་དང་། སྡེ་མི་རྣམས་ལ་གསོ་སྤེལ་ལག་རྩལ་མེད་པའི་རྐྱེན་གྱིས་གསོ་སྤེལ་བྱས་པའི་ནོར་ལུག་གི་རྒྱུད་འདྲེས་མ་ཡིན་པ་དང་། ཤ་ཤེད་ཞན་ལ། ཁྲོམ་རའི་ནང་འགྲན་ཡ་མེད་པ་རེད།

སྐབས་དེར། མཚོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གིས“ཐོན་ལས་མནའ་འབྲེལ་ཆེན་མོ་བཞི”དང་“ཤུགས་ཆེན་པོས་ཡང་བསྐྱར་ཕྱུགས་ལས་ཀྱི་ཁུལ་ཆེན་པོ་བསྐྲུན་པ་མངོན་འགྱུར”བྱེད་པའི་འཕེལ་རྒྱས་དམིགས་འབེན་བཏོན་སྟེ། ཚི་ཝན་ཏ་བཱ་སྡེ་བའི་འཕེལ་རྒྱས་གསར་བར་རེ་བ་བསྩལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་གུང་ཧོ་རྫོང་ཞིང་ཕྱུགས་སྡེ་ཁག་གཉིས་ཀྱི་མཛུབ་སྟོན་འོག ཚི་ཝན་ཏ་བཱ་སྡེ་བས“སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་དང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་སྡེ་མི་རྣམས་ཀྱིས་རང་མོས་ལྟར་རྩྭ་ས་དང་། ཞིང་ས། ཕྱུགས་ཟོག་སོགས་ཐོན་སྐྱེད་རྒྱུ་ཆ་མ་རྐང་དུ་འཇོག་པར་ཚད་མཇལ་བྱས་ནས་མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ཐད་ལ་བཅོས་སྒྱུར་བྱས་པས། “ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་། རྒྱུ་ནོར་མ་དངུལ་རུ་འགྱུར་བ། མ་དངུལ་རྐང་དངུལ་རུ་འགྱུར་བ། འབྲོག་པ་རྐང་བདག་དུ་འགྱུར་བ། མཉམ་ལས་ཁང་དུ་ཞུགས་པའི་མི་རྣམས་ལས་བཟོ་བར་འགྱུར་བ”སོགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཏེ། ལེགས་བསྡུས་ཞིབ་གཉེར་ཅན་དང་། གཞི་ཁྱོན་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད།

མ་རྐང་ལམ་ལུགས་བཅོས་སྒྱུར་བྱེད་པ་ལེགས་འགྲུབ་བྱུང་རྗེས། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་མ་དངུལ་གྱི་རྒྱབ་སྐྱོར་མི་འདང་བ་དང་། ལག་རྩལ་ཞན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། གྲོང་རྡལ་ཏང་ཨུ་དང་ཞིང་ཕྱུགས་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་། སྔ་གཞུག་ཏུ་རོགས་སྐྱོར་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་ལྔ་ཁྲི་གཉིས་ལྷག་དངོས་འབེབ་བྱས་ཏེ། སྤྱི་ཆིངས་བཅུ་གཉིས་གྲངས་ཆུང་བདུན་ཡོད་པའི་སྟེང་དུ་གསོ་སྤེལ་དང་། ལས་སྣོན། གསོན་ཕྱུགས་བརྗེ་རེས། འགྲེམ་སྟོན་བྱེད་ས་སོགས་གསོ་སྐྱོང་དང་། ཐོན་སྐྱེད། ཕྱིར་འཚོང་སོགས་གཞི་གཅིག་ཅན་གྱི་མཚོ་ལྷོ་ཁུལ་གྱི་འབྲོག་ལུག་ཐོན་སྐྱེད་དང་ཕན་འབྲས་མཐོ་བའི་གསོ་སྤེལ་ལག་རྩལ་གཅིག་འདུས་ཡིན་པའི་ཚན་རྩལ་ཞིབ་འཇུག་ཚོད་ལྟའི་རྟེན་གཞི་ཞིག་གྲུབ་པ་དང་། གཅིག་གྱུར་གྱིས་གསོ་སྤེལ་དང་། གཅིག་གྱུར་གྱིས་ཐོན་སྐྱེད་བྱེད་པ། གཅིག་གྱུར་གྱིས་ཚོང་རྟགས་ཡོད་པ། གཅིག་གྱུར་གྱིས་ཕྱིར་འཚོང་བྱེད་པའི་ལས་གཉེར་དོ་དམ་རྣམ་པ་ཞིག་ལག་བསྟར་བྱས། དེ་དང་ཆབས་ཅིག་ཏུ། མཉམ་ལས་ཁང་གིས་འབྲོག་ལུག་དང་འབྲོང་རྒྱུད་སྤེལ་ཏེ། ཕྱུགས་རིགས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་བཏང་ཞིང་། ལྷག་པར་དུ་འབྲོག་ལུག་གིས་ལོ་གཅིག་ལ་ལུ་གུ་ཐེངས་གཅིག་རྩེབས་པ་ནས་ད་ལྟ་ལོ་གཉིས་ཀྱི་རིང་ལ་ཐེངས་གསུམ་ལ་རྩེབས་པའི་ཕན་འབྲས་མཐོ་བའི་གསོ་སྤེལ་ཕྱོགས་སུ་བསྒྱུར་བ་དང་། ད་ལོར་ཚོད་དཔག་བྱས་ན་ཕྱུགས་ཟོག་སྟོང་བཞི་དང་བཞི་བརྒྱ་གསོ་ཁ་ནས་འབུད་ཐུབ་པ་དང་། ལོ་གཅིག་གི་ཡོང་སྒོ་སྒོར་མོ་ས་ཡ་དྲུག་དང་འབུམ་ལྔ་ལ་སླེབས་ཡོད་ལ། དེ་ནས་ཚི་ཝན་ཏ་བཱ་སྡེ་བའི་མི་རྣམས་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད།

མཉམ་ལས་ཁང་བཙུགས་པ་དང་། སྡེ་མི་རྣམས་ཕྱུག་པོར་འགྱུར་བར་རེ་བ་ཡོད་པར་གྱུར། འདི་ནི་རྡོ་རྗེ་ཚེ་རིང་གིས་བཤད་པའི་སྐད་ཆ་ཡིན་ལ། སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གསོ་སྤེལ་རྟེན་གཞིའི་འགན་ཁུར་བ་ཡིན་པའི་ཆ་ནས། ཁོས་ཚི་ཝན་ཏ་བཱ་སྡེ་བའི་དབུལ་ཕོངས་ཀྱི་རྣམ་པ་དོར་བའི་གནས་ཚུལ་ངོ་མ་དངོས་སུ་མིག་གིས་མཐོང་བ་དང་། མྱུར་དུ་མཉམ་ལས་ཁང་འཕེལ་རྒྱས་དང་རྒྱ་བསྐྱེད་གཏོང་འདོད་པ་རེད།

མཉམ་ལས་ཁང་སྔར་ལས་འཕེལ་རྒྱས་བཟང་བོ་གཏོང་བ་དང་སྡེ་མི་རྣམས་ཀྱིས་སྔར་ལས་བཟང་པོའི་འཚོ་བ་སྐྱིད་པོ་རོལ་ཆེད། རྡོ་རྗེ་ཚེ་རིང་གིས་སྡེ་བའི་ནང་གི་ཏང་ཡོན་བཅུ་གསུམ་གྱིས་གྲུབ་པའིགདོང་ལེན་རུ་ཁག་གི་སྣེ་ཁྲིད་དེ། ལག་རྩལ་དང་དོ་དམ་ཕྱོགས་ཀྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱས་ཏེ། ཁྱིམ་ཚང་རེ་རེར་སོང་ནས་བསམ་བློ་སློབ་གསོ་བཏང་བ་དང་། སྡེ་མི་དང་། ཕྱུགས་ཟོག་མེད་པའི་ཁྱིམ་ཚང་གཟན་རྩ་འདེབས་འཛུགས་བྱེད་པར་ཞུགས་པ། འབྲོག་ལུགས་གསོ་སྤེལ་དང་། གཟན་ཆས་ལས་སྣོན། ཤའི་རིགས་ཀྱི་ལས་སྣོན། ཕྱིར་འཚོང་སོགས་ཀྱི་གོ་རིམ་དང་། དོ་དམ། ཞབས་ཞུའི་བྱ་བར་ཁྲིད་སྟོན་བྱས་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་ཉེར་གསུམ་ལ་བློ་སྟོབས་ཀྱི་ཐད་ནས་རོགས་སྐྱོར་བྱེད་པ་དང་། ཁ་གཏད་དུ་བསྡད་དེ་ཉམས་མྱོང་གླེང་བ་དང་། ལག་རྩལ་དངོས་སུ་ཁྲིད།

ཐོན་ལས་འཕེལ་རྒྱས་བྱུང་རྗེས། ད་ལོ་ལོ་ན་ལྔ་བཅུ་ཡིན་པའི་སྡེ་མི་དོན་གྲུབ་ཚེ་རིང་གིས་སེམས་ཚོར་ཆེན་པོ་ཞིག་ཡོད། སྔོན་ཆད་ཁྱིམ་ནང་དུ་ངལ་རྩོལ་པ་མེད་པས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་གྲས་ཡིན། མཉམ་ལས་ཁང་བཙུགས་རྗེས། དོན་གྲུབ་ཚེ་རིང་གིས་ཆེས་སྔོན་མ་བྱས་ཏེ་ནོར་ལུག་མ་རྐང་དུ་འཇོག་པའི་རྣམ་པའི་སྒོ་ནས་མཉམ་ལས་ཁང་དུ་ཞུགས་པ་དང་། དེ་ལྟར་བྱས་ན། རང་ཁྱིམ་གྱི་ནོར་ལུག་ལ་ཆེད་ལས་ཅན་གྱི་མི་སྣས་གསོ་སྤེལ་བྱེད་པར་མ་ཟད། རང་ཉིད་ཡང་ཕྱི་རུ་སོང་ནས་ཞོར་ལས་གཉེར་བར་དུས་ཚོད་མང་པོ་ཡོད་པ་རེད། སྔོན་ཏག་ཏག་ལ། དོན་གྲུབ་ཚེ་རིང་གིས་རྩིས་བརྒྱབ་པ་ལྟར་ན། མཉམ་ལས་ཁང་དུ་ཞུགས་རྗེས། རང་ཉིད་ཕྱི་རུ་སོང་ནས་ཞོར་ལས་གཉེར་བ་ལས་སྒོར་མོ་ཁྲི་གསུམ་བཙལ་བ་དང་། བྱིས་པས་ཞོར་ལས་གཉེར་བ་ལས་སྒོར་མོ་གཉིས་ལྷག་གི་ཡོང་སྒོ་བཙལ་ལ། དེའི་ཁར་མཉམ་ལས་ཁང་གི་ཡོང་སྒོ་བསྣན་ན། བཟའ་མི་བཞི་ཡོད་པའི་ཁྱིམ་ཚང་འདིའི་ཡོང་སྒོ་སྔར་ལས་ལྡབ་གཅིག་ལྷག་འཕར་ཡོད་པ་རེད།

2019ལོའི་ལོ་མཇུག་ལ། ཚི་ཝན་ཏ་བཱ་སྡེ་བའི་ཁྱིམ་ཚང་ཚང་མ་དབུལ་ཐར་བྱེད་ཐུབ་པ་བྱུང་། ད་ལྟ། མཉམ་ལས་ཁང་གིས་དབུལ་ཕོངས་མང་ཚོགས་ཉེར་བརྒྱད་སྣེ་ཁྲིད་དེ་ལས་ཞུགས་བྱས་པ་དང་། སྡེ་བ་རང་གི་དབུལ་ཕོངས་མང་ཚོགས་སོ་གཉིས་ལ་ལས་ཞུགས་ལས་རྐང་འདོན་སྤྲོད་བྱས་ལ། ཁྱིམ་ཚང་རེའི་ཆ་སྙོམས་ལས་ཞུགས་ཀྱི་ཡོང་སྒོ་སྒོར་མོ་སྟོང་གསུམ་འཕར་སྣོན་བྱུང་བ་དང་། སྡེ་མི་ཚོས་ནོར་ལུག་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་ཁ་བསྒྱུར།

ཡིག་སྒྱུར་བ།  ཚེ་རིང་སྒྲོལ་མ།