ལུགས་རྙིང་ལོ་སར་བསུ་བའི་སྟ་གོན་དང་རེབ་གོང་རྫོང་མཁར་གྱི་ཡོ་ལང་།
2020.01.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 278

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན་དང་ཤ་བོ་རིན་མཚོ། བན་དེ་སྐྱབས་བཅས་ཀྱིས་ཐུན་རིན་རྫོང་ཐོག་ནས་བཀོད་པའི་གནས་ཚུལ། 

བོད་རབ་རྒྱན་ལྕགས་བྱི་ལོའི་ལུགས་རྙིང་ལོ་སར་གྱི་གོམ་སྟབས་ང་ཚོ་དང་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པའི་འགྲོས་དང་བསྟུན་ནས། ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བཅར་འདྲི་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐོག་ཏུ་འབྱོར།

དགུན་དུས་ཀྱི་རེབ་གོང་རྫོང་ནི་དར་དཀར་གྱི་གོས་བཟང་བཀླུབས་པའི་གཞོན་ནུ་མ་ཞིག་དང་འདྲ་བར། ལན་རེར་ཚ་ལམ་ལམ་གྱི་དྲོལ་ཁོལ་ཅིག་བར་མེད་དུ་སྦྱིན་ཞིང་། ཡང་ལན་རེར་བསིལ་ལྡན་ཁ་བའི་ལྗོངས་ཀྱི་བྲོ་བ་ཟོལ་མེད་ཅིག་ངང་གིས་སྟེར། རྫོང་མཁར་འདིའི་ནང་བཅུད་ཀྱི་སྙིང་བོར་སྨིན་པའི་མི་དམངས་ཀྱིས་ཚོང་ཟོང་ཐང་མར་བརྡལ་བའི་ཀློང་ན། རང་ལ་གང་མཁོ་ཡི་ཚོང་རྫས་གང་མང་ཉོ་ལ་བྲེལ་ཅིང་འདུར། མཐོང་ལམ་གང་སར་ཉོ་ཚོང་གི་ཡོ་ལང་རབ་ཏུ་རྒོད་ཅིང་མི་ཚོགས་ཀྱི་འདུ་འཛི་ཧ་ཅང་ཆེ།

ས་གནས་མང་ཚོགས་ཀྱིས་དགའ་སྐྱིད་དཔལ་དང་ལྡན་པའི་ལོ་སར་སྐྱིད་པོ་ཞིག་རོལ་ཆེད། རེབ་གོང་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ལོ་སར་སྐྱིད་པོ་ཞིག་རོལ་བ་དང་ལོ་སར་སྐབས་ཀྱི་ཟས་རིགས་བདེ་འཇགས་དང་ཚོང་རྫས་ཀྱི་སྤུས་ཚད། མང་ཚོགས་ཀྱི་བདེ་ཐང་། ཚོང་རྫས་ཀྱི་རིན་གོང་བརྟན་འཇགས་སོགས་ཀྱི་བྱ་བར་འགན་ལེན་དོན་དང་ལྡན་པ་ཞིག་བྱས།

གཅིག་ནས་རྫོང་ཡོངས་ཀྱི་ཤ་དང་སྔོ་ཚོད་གཙོས་ཟས་རིགས་གཞན་དག་གི་རིན་གོང་ལ་ཞིབ་བཤེར་བྱས་ནས། ཐུན་རིན་ས་གནས་ཀྱི་ཁྲོམ་ར་སོ་སོའི་འཁོར་རྒྱུག་རྒྱུན་གཏན་ཡོང་བར་ཁག་ཐེག་བྱས། གཉིས་ནས་གཉན་ཐོག་ཁྲོམ་ར་དང་དཀྱིལ་དབུས་ཚོང་ར་སོགས་ལ་ཞིབ་བཤེར་དག་ཐེར་ནན་མོ་བྱས་ཏེ། ལོ་སར་སྐབས་སུ་ཚོང་རྫས་ཀྱི་རིན་གོང་དང་ཚོང་རྫས་ནམ་ཐོན་སྐྱེད་བྱས་པའི་དུས་ཚོད། ཚོང་རྫས་བཀོལ་སྤྱོད་ཀྱི་དུས་ཡུན། ཚོང་རྫས་ཀྱི་བརྒྱུད་ལམ། ཚོང་གཉེར་དཔང་ཡིག ཚོང་གཉེར་ཆོག་པའི་དཔང་ཡིག་བཅས་ལ་ཞིབ་བཤེར་ནན་མོ་བྱས། གསུམ་ནས་ཁྲིམས་འཛིན་མི་སྣས་ཚོང་རྫས་ཐོན་སྐྱེད་བྱེད་སའི་བཟོ་གྲྭའི་མིང་དང་ས་གནས། ཚད་ལྡན་དཔང་ཡིག ཚོང་རྫས་ཀྱི་རིན་གོང་གསལ་བོར་འགོད་པ་སོགས་ལ་ལྟ་སྐུལ་ནན་མོ་བྱས་ཏེ། ཚོང་རྫས་རྫུན་མའི་རིགས་དང་བཀོལ་ཡུན་ལས་བརྒལ་བའི་ཚོང་རྫས། ཚོང་གཉེར་དཔང་ཡིག་མེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་ཚོང་གཉེར་བྱ་སྤྱོད་ལ་རྩད་ཞིབ་ནན་མོ་བྱས། གོང་གསལ་ལས་སྒོ་འདི་དག་སྤེལ་བ་བརྒྱུད་གཞི་ནས་ཚོང་གཉེར་བའི་འགན་འཁྲིའི་འདུ་ཤེས་དང་ཚོང་རྫས་རང་བཤེར་བྱེད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་ཁེ་ཕན་ལ་འགན་ལེན་ཁག་ཐེག་བྱས།

མདོར་ན། ཉིས་སྟོང་ཉི་ཤུ་ལོ་ནི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་ཀྱི་གནད་འགག་གི་ལོ་ཞིག་ཡིན་པས། རེབ་གོང་རྫོང་གི་གོང་འོག་བར་གསུམ་ཚང་མས་ཀྱང་དཔྱིད་ཀྱི་གོམ་སྟབས་ཇེ་ཉེ་ནས་ཇེ་ཉེར་འགྲོ་བའི། རེ་བ་དང་གསོན་ཤུགས་ཀྱིས་བརྟས་པའི་ལོ་གསར་བ་ཞིག་བསུ་བ་དང་། ཡང་ན་ལོ་གསར་བའི་སྨོན་འདུན་ལེགས་པོ་དང་འཆར་གཞི་བཟང་བོ་འདོད་ཐོག་ཏུ་གེགས་མེད་ལྷུན་གྱིས་འགྲུབ་པར་ཡིད་ཆེས་དང་གསོན་སྟོབས་ཀྱིས་ཁེངས་འདུག