ལོ་སར་ལ་གཞི་རིམ་དུ་སྐྱོད་པ་ལས་ཁག་གཉིས་པ།
2020.01.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 562

དགའ་བའི་འཛུམ་ཀོང་ནང་ན། ། སྐྱིད་ཀྱི་ཉི་མ་ཤར་འདུག །

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན་དང་ཤ་བོ་རིན་མཚོ། བན་དེ་སྐྱབས་བཅས་ཀྱིས་བཀོད་པའི་གནས་ཚུལ།

ཞོགས་པར་མལ་ལས་ལངས་ཏེ་མགྲོན་ཁང་གི་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་པ་ན། ཁ་བ་སིབ་སིབ་ཅིག་རེབ་གོང་གི་འཛིན་མའི་ཁྱོན་ཡོངས་ཀུན་ལ་ཆད་མ་མཐུད་ཀྱིས་འབབ་ཀྱིན་འདུག དཀར་གཙང་གི་ཁ་བས་བགྲོད་ལམ་རྨང་ནས་བཀག་འདུག་ནའང་། གནས་འདིའི་ས་གནས་མང་ཚོགས་ཀྱིས་ལོ་སར་ལ་གྲ་སྒྲིག་བྱེད་ཀྱིན་པའི་འདུ་ལོང་གི་རྣམ་པ་འགོག་ཐབས་བྲལ། ང་ཚོ་བཅར་འདྲི་ཚན་ཆུང་གིས་ཀྱང་དཀར་གཙང་གི་ཁ་བ་རྡོག་པས་ནོན་ཞོར། རྫོང་མཁར་འདིའི་ཉོ་ཚོང་གི་འདུ་འཛི་རྒོད་སའི་མི་ཚོགས་ཀྱི་གསེབ་ཏུ་བཙངས་ནས་རང་འཁྲིའི་ལས་ཀར་དངོས་སུ་ཞུགས།

མི་ཚོགས་ཆུ་མོ་བཞིན་ཡར་བཞུར་མར་འཚུབ་བྱེད་ཀྱིན་པའི་ཁྲོད་དུ་མིག་ཞགས་ཐེངས་གཅིག་འཕངས་པ་ན། གདོང་ནས་འཛུམ་མདངས་བཅོས་མིན་ཞིག་ཕྱུང་སྟེ། ལོ་སར་ལ་ཉོ་ཅ་རྒྱག་པར་བྲེལ་བའི་སྐྱེས་པ་ཞིག་གིས། ཚོང་ཟོང་ཐང་མར་བརྡལ་བའི་ཁྲོད་ན། རང་ལ་གང་མཁོའི་ཚོང་རྫས་མོད་པོ་འགྱིག་ཁུག་རེ་རེའི་ནང་དུ་བསལ་ནས་བསྡུ་བར་བྲེལ། དེ་མུར་ངེད་ཅག་ཁོའི་གམ་དུ་སོང་ནས་གནས་ཚུལ་དྲིས་པ་ན། ཁོ་ནི་རེབ་གོང་རྫོང་ཉ་ལུང་ཞང་ཨེ་ལེ་ཁ་སྒང་སྡེ་བའི་སྡེ་མི་ཡིན་ཞིང་། མིང་ལ་འཇམ་དཔལ་རྡོ་རྗེར་འབོད་པ་ཤེས།

ང་ཚོ་ཁོ་དང་ལྷན་དུ་ཁོའི་ཡུལ་ལ་དངོས་བཅར་བྱས། ཨེ་ལེ་ཁ་སྒང་སྡེ་བ་ནི་རྫོང་མཁར་དང་ཧ་ལམ་བར་ཐག་སྤྱི་ལེ་བརྒྱད་ཙམ་གྱི་སར་གནས་ཤིང་། ལམ་ཐག་རིང་རྒྱུ་མེད་ནའང་། སྡེ་བར་འཐེན་པའི་ཨར་འདམ་གྱིས་བྱུག་པའི་ལམ་ཁོད་དོག་ཅིང་ཀྱག་ཀྱོག་ཆེ། ཁངས་བསྟུད་མུར་ཉིན་གཉིས་ལ་བབས་པས། ལམ་གྱི་འགྲམ་གཉིས་དར་གྱིས་གཡོགས་འདུག་པར་མ་ཟད།རི་ཆེན་པོ་ཞིག་གི་ངོས་སུ་དར་སྐུད་ཀྱི་ཁུགས་པ་རིང་མོ་ཞིག་ཡར་འཐེན་མར་འཐེན་བྱས་པ་དང་ཀུན་ནས་མཚུངས་པའི་རྒྱ་ལམ་དེའི་རྩེ་རུ།ལན་རེར་ཐང་དཀར་རྒོད་པོས་བར་སྣང་ཁམས་ལ་གཤོག་ལྕག་འབྲབ་ཀྱིན་རང་གི་འཕུར་ལམ་འགྲིམས། རི་བོའི་རྩེར་ཐོན་ཙམ་གྱི་གནས་དེ་ནི་ཕལ་ཆེར་བྱ་རྒོད་ཀྱི་འཕུར་ལམ་ལོས་ཡིན་སྙམ་པ་ཞིག་རེད།རི་རྩེ་ནས་མར་གཤམ་དུ་བལྟས་ན། ཐོག་དང་པོར་གནས་དེར་འགྲོ་མཁན་ཞིག་ཡིན་པའི་ཆ་ནས། དབུགས་གཏོང་ལེན་དཀའ་བའི་སྐྲག་སྣང་སྟེར་སྲིད་ཅིང་། རྨ་ལྷོ་ཁུལ་གྱི་ཕྱིའི་རྣམ་པ་འང་ལག་མཐིལ་ཏུ་སྐྱུ་རུ་ར་བཞག་པ་བཞིན་གསལ་ལེར་མཐོང་ཐུབ་ལ།ཐང་དཀར་རྒོད་པོའི་ཁྱུས་བར་སྣང་ན་ལྡིང་སྐོར་རྒྱག་གིན་ཉི་མའི་བྱང་ལམ་གཅོད་ཀྱིན་འདུགརི་རྩེ་ན་གསོམ་ཤིང་གི་ནགས་ཚལ་ཞིག་རྒྱབ་རི་བྱས་ཏེ་གད་སྐྱིབས་དྲོ་ས་ཞིག་ན། སྡེ་བ་ཆུང་ཆུང་ཞིག་བདེ་བར་འཁོད་འདུག་པ་མཐོང་འཕྲལ་གཞི་ནས་དམིགས་སར་འབྱོར་བ་ཤེས།

སྡེ་མི་འཇམ་དཔལ་རྡོ་རྗེ་ཚང་ནི་སྡེ་བའི་ལྷོ་ངོས་ན་ཡོད་ཅིང་། ཁོ་ཚང་གི་སྒོ་ཕྱི་ཁྱིམ་ཆེ་ལ། རླངས་འཁོར་ཆུང་ཆུང་ཞིག་དང་འདྲུད་འཐེན་འཁོར་ལོ་ཞིག་སྒོའི་ར་ནང་ན་བཞག་འདུག  ནང་དུ་འཛུལ་མ་ཐག་ཤིང་ཁང་སྤུས་གཙང་ཤེལ་དྲ་འཐེན་ནས་ཡོད་པ་ཞིག་མཐོང་ལམ་དུ་མངོན་བྱུང་།

འཇམ་དཔལ་རྡོ་རྗེ་ཚང་གི་བཟའ་མི་གང་བོའི་གདོང་ལ་རྒྱས་པའི་བདེ་སྐྱིད་ཀྱི་འཛུམ་ཀོང་རེ་རེའི་ནང་དུ། འཚོ་བ་གསར་བ་དང་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་ཟབ་མོ་དང་ཡིད་ཆེས་ཀྱི་སེམས་རྣམ་ཅི་རིགས། དཔྱིད་དུས་ཀྱི་ཉི་འོད་བཞིན་དྲོད་ལམ་ལམ་འབར་གྱིན་པ་མཐོང་ཐུབ། དབུལ་ཐར་ཁྱིམ་ཚང་འཇམ་དཔལ་རྡོ་རྗེ་ཚང་གི་འཚོ་བ་འབྱོར་འབྲིང་གི་ཆུ་ཚད་དུ་བསླེབས་པ་ལས། ཉེ་བའི་ལོ་འདི་དག་རིང་ལ། རེབ་གོང་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་འབྲེལ་བའི་སྲིད་ཇུས་རབ་དང་རིམ་པ་དངོས་འབེབས་དོན་འཁྱོལ་བྱས་ནས། ས་གནས་དབུལ་ཕོངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ས་དང་དངོས་ཡོད་དཀའ་ཁག་ཅི་རིགས་སེལ་བར་འབད་འབུངས་ལྷོད་མེད་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་དེ་བསྟུན་གྱི་ཕན་འབྲས་ཆེན་པོ་ཐོབ་ཡོད་པ་མིག་མཐོང་ལག་ཟིན་རེད།འཇམ་དཔལ་རྡོ་རྗེ་ཚང་ལྟ་བུའི་དབུལ་ཐར་ཁྱིམ་ཚང་གང་མང་གིས་ལོ་སར་སྐྱིད་པོ་ཞིག་རོལ་བར་གྲ་སྒྲིག་གང་ལེགས་བྱེད་ཀྱིན་མཆིས།