ལོ་སར་ལ་གཞི་རིམ་དུ་སྐྱོད་པ་ལས་ཁག་གསུམ་པ།
2020.01.12 ཁུངས། ཀློག་གྲངས། 515

ལྷ་མོའི་ཟློས་གར་ལ་དགའ་ཞེན་ཆེ་བའི་གར་མ་པད་མ་མཚོ།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན་དང་ཤ་བོ་རིན་མཚོ། བན་དེ་སྐྱབས་བཅས་ཀྱིས་བཀོད་པའི་གནས་ཚུལ།

རེབ་གོང་རྫོང་རིག་གནས་ཁང་གི་འགོ་བ་གཅོད་པ་ལགས་དང་ལྷན་དུ་ཁ་བརྡ་བྱས་པའི་གོ་རིམ་ལས། རེབ་གོང་རྫོང་ན་བོད་ཀྱི་སྲོལ་རྒྱུན་རྣམ་ཐར་ཟློས་གར་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་པའི་སྡེ་བ་གང་མང་ཞིག་ཡོད་པའི་ཁྲོད་ན། ཐོ་ཀྱཱ་གྲོང་རྡལ་གླིང་རྒྱ་རུ་གོང་མ་སྡེ་བ་རུ་མིང་ལ་པདྨ་མཚོར་འབོད་པའི། མི་ཚེ་གང་བོ་བོད་ཀྱི་རྣམ་ཐར་ཟློས་གར་གྱི་ཆེད་དུ་བསྟིམས་ཤིང་།  སྐྱིད་སྡུག་དང་ཐོབ་ཤོར་སོགས་ཀྱང་སྲོལ་རྒྱུན་ལྷ་མོའི་ཟློས་གར་གྱི་ལས་དབང་དང་གཞི་གཅིག་ཏུ་དམ་པོར་སྦྲེལ་བའི་དམངས་ཁྲོད་ཀྱི་གར་མ་ཞིག་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན། ངེད་ཅག་ཐད་ཀར་ཁོ་མོ་ཡོད་སའི་སྡེ་བར་ཆས་པ་ཡིན།

ང་ཚོ་ཁོ་མོའི་ཁྱིམ་དུ་ཐོན་མ་ཐག ཁྱིམ་གྱི་ལྷོ་ངོས་ན་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཆེད་དུ་ཟློས་གར་འཁྲབ་སྦྱོང་ལ་དམིགས་ཏེ་བསྐྲུན་པའི་གར་སྟེགས་ཆུང་ཆུང་ཞིག་མིག་ལམ་དུ་མངོན། གར་སྟེགས་ཀྱི་སྟེང་ན་ས་གནས་མང་ཚོགས་ལ་ལོ་སར་སྐབས་སུ་རིག་རྩལ་གྱི་འཁྲབ་སྟོན་གྱ་ནོམ་ཕུན་སུམ་ཚོགས་པ་ཞིག་འབུལ་ཆེད། ཚོགས་གཙོ་པདྨ་མཚོས་སྡེ་བའི་ནང་གི་ཟློས་གར་ཚོགས་པའི་ཚོགས་མི་རྣམས་བསྡུ་འགུགས་བྱས་ཏེ་སྣང་ས་འོད་འབུམ་གྱི་རྣམ་ཐར་འཁྲབ་སྦྱོང་བྱེད་ཀྱིན་པ་དང་ཏག་ཏག་འཁེལ།

ཐེངས་འདིའི་བཅར་འདྲི་ཡི་དམིགས་འཛུགས་ས་སྟེ། ཐོ་ཀྱཱ་གྲོང་རྡལ་གླིང་རྒྱ་རུ་གོང་མ་སྡེ་བའི་སྐྱེས་མ་ཟློས་གར་རྒྱུད་འཛིན་པ་པདྨ་མཚོ་ལགས་ནི། 1970ལོར་རེབ་གོང་རྫོང་གླིང་རྒྱ་སྡེ་བའི་སྔགས་འཆང་བླ་མ་ཚེ་རིང་གི་ཁྱིམ་དུ་སྐྱེས། ལོ་ན་ཆུང་དུས་ནས་ཡབ་ཀྱི་མདུན་ནས་ཤེས་བྱ་སྦྱངས་བ་དང་ལོ་བརྒྱད་ཀྱི་སྟེང་གླིང་རྒྱ་སློབ་ཆུང་འགྲིམས། 1979ལོར་གླིང་རྒྱ་དམངས་ཁྲོད་ཟློས་གར་འཁྲབ་སྟོན་ཚོགས་པར་ཞུགས་ནས་ཟློས་གར་ཆེན་མོ་དྲི་མེད་ཀུན་ལྡན་སོགས་འཁྲབ་སྟོན་བྱས་ཏེ། ལྟད་མོ་བ་རྣམས་ཀྱིས་གཟེངས་བསྟོད་ཆེན་པོ་བྱས། 1979ལོར་ཁོ་མོས་རྨ་ལྷོ་ཁུལ་གྱི་ཟློས་གར་འཁྲབ་སྟོན་ཁྲོད་ཨང་དང་པོ་བླངས་ནས་ཁྱད་འཕགས་ཀྱི་གྲུབ་འབྲས་ཐོབ་པར་མ་ཟད། རྨ་ལྷོ་ཁུལ་གྱི་ཚབ་བྱས་ཏེ་ཟི་ལིང་དང་སྐུ་འབུམ་སོགས་མཚོ་སྔོན་གྱི་ས་ཁུལ་མང་པོར་སོང་ནས་བོད་ཀྱི་ཟློས་གར་ཐེངས་གང་མང་ལ་འཁྲབ་སྟོན་བྱས་པས། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་མང་པོས་ཁས་ལེན་བྱས།

སློབ་ཆུང་མཐར་ཕྱིན་རྗེས་རྒྱུ་རྐྱེན་གང་མང་གི་དབང་གིས་མུ་མཐུད་དུ་སློབ་གྲྭར་འགྲིམས་མ་ཐུབ་པར་ཁྱིམ་ནས་ཞིང་ལས་གཉེར། སློབ་གཉེར་གྱི་གོ་སྐབས་མ་ལྡན་རུང་། རྣམ་ཐར་ཟློས་གར་ལ་དགའ་གུས་གཙང་མ་ཡི་བློ་སྔོན་དུ་སོང་བའི་ཆུང་དུས་ཀྱི་བག་ཆགས་དང་བོད་ཀྱི་ཟློས་གར་འཁྲབ་འདོད་ཀྱི་ཕུགས་འདུན་བློས་གཏོང་མ་ཐུབ་པར་སྔར་བཞིན་ཧུར་ཐག་གིས་ཟློས་གར་ཚོགས་པའི་འཁྲབ་སྟོན་གྱི་འགན་ཁུར་ཏེ་འཁྲབ་སྟོན་ཐེངས་གང་མང་བྱས། ཁོ་མོས་ལོ་རེར་འཁྲབ་སྟོན་བྱེད་ཀྱིན་པའི་ཟློས་གར་ཆེན་མོ་དྲི་མེད་ཀུན་ལྡན་དང་སྣང་ས་འོད་འབུམ། ཁྲི་སྲོང་ལྡེ་བཙན་བཅས་འཁྲབ་གཞུང་ཁྲོད་ཀྱི་མི་སྣ་གཙོ་བོའི་འགན་ཁུར་ཏེ། གླིང་རྒྱ་དམངས་ཁྲོད་རྣམ་ཐར་ཚོགས་པའི་རྐང་འཛིན་འཁྲབ་སྟོན་པར་གྱུར།

2013ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ་དང་འབྲེལ་ཡོད་ལས་ཁུངས་ཀྱི་སྣེ་ཁྲིད་དང་རོགས་རམ་འོག གླིང་རྒྱ་དམངས་ཁྲོད་རྣམ་ཐར་ཚོགས་པ་སླར་གསོ་བྱས་པ་དང་ཟློས་གར་འཁྲབ་སྟོན་ཐད་ཀྱི་འཇོན་ཐང་མི་སྣ་ཆེད་དུ་མངགས་ནས་ཟློས་གར་ཆེན་མོ་སྣང་ས་འོད་འབུམ་སླར་གསོ་དང་མཛུབ་སྟོན། འཁྲབ་ཁྲིད་སོགས་ཀྱི་ཕྱོགས་ནས་རོགས་རམ་མི་ཉུང་བ་ཞིག་ཐོབ། དེའི་རྗེས་སུ་རྣམ་ཐར་ཚོགས་པའི་ཚོགས་མི་ཡོངས་ཀྱིས་སེམས་མཐུན་ཤུགས་སྒྲིལ་དང་ཧུར་བརྩོན་མཉམ་འབྲེལ་འོག་ཟློས་གར་ཆེན་མོ་སྣང་ས་འོད་འབུམ་བདེ་ལེགས་ངང་སླར་གསོ་བྱས།

གླིང་རྒྱ་རྣམ་ཐར་ཚོགས་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་ཏེ། རྨ་ལྷོའི་བོད་ཀྱི་ཟློས་གར་གཟིགས་འབུལ་འཁྲབ་སྟོན་སྟེང་བྱ་དགའ་ཨང་གསུམ་པ་བླངས། 2014ལོར་སྲོལ་རྒྱུན་ཟློས་གར་ཆེན་མོ་དྲི་མེད་ཀུན་ལྡན་བདེ་ལེགས་ངང་སླར་གསོ་བྱས་པ་དང་། ལོ་རེའི་ལོ་གསར་སྐབས་དང་འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་སྒྲིག་འོག རྨ་ལྷོ་ས་ཁུལ་གྱི་ས་གནས་གང་མང་ནས་འཁྲབ་སྟོན་བྱས་ཏེ། ཉིན་རེར་སྣ་མང་ཅན་དུ་འཕེལ་གྱིན་པའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་བཞིན་མཆིས།

པདྨ་མཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། རྣམ་ཐར་ཟློས་གར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རང་ནུས་ཅི་ཡོད་འདོན་བཞིན་ཡོད་ཅིང་། དུས་རྒྱུན་གྱི་འབད་འབུངས་ལ་བརྟེན་ནས་དེ་བསྟུན་གྱི་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་དེ། ཁོ་མོ་སྔ་ཕྱིར་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་བོད་ཀྱི་རྣམ་ཐར་རྒྱུད་འཛིན་མཁན་དུ་བདམས།