རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཆོས་ཕྱུག་རྒྱལ་དང་ཚེ་རིང་བཀྲ་ཤིས།སྐལ་བཟང་རྣམ་རྒྱལ་བཅས་ཀྱིས་བཀོད་པའི་གསར་འགྱུར།
ཁོད་ཡངས་པའི་སྣུམ་ལམ་གསར་པ། བཟོ་ལེགས་པའི་གཞིས་ཀ་གསར་པ། བཀོད་ལེགས་པའི་ཐོན་ལས་ར་བ། གྲ་དག་པའི་རང་ཁྱིམ་དྲོན་མོ། འདི་ནི་སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོར་ཆབ་ཆ་གྲོང་རྡལ་གྱི་མཁར་བྱང་གཞིས་ཁུལ་གསར་པར་གནས་སྤོར་བྱས་པའི་གུང་ཧོ་རྫོང་ཨེར་སྟི་ཞང་ཆོས་ཚ་སྡེ་བའི་དབུལ་ཁྱིམ་བརྒྱ་དང་གཅིག་གིས་གྲུབ་པའི་ཆོས་ཚ་ཚོ་བ་རེད།
མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ས་ཁུལ་གྱི་སྡོད་ཁང་འཛུགས་སྐྲུན་མཛུབ་སྟོན་ལག་དེབ་དང་ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་ཚད་གཞི་ལྟར། ཆབ་ཆ་གྲོང་རྡལ་མཁར་བྱང་གཞིས་ཁུལ་གསར་པར་ཆོས་ཚ་ཚོ་བའི་གནས་སྤོར་ཁང་གསར་ང་གཅིག་འཛུགས་སྐྲུན་བྱས་པ་དང་། དེ་ལས་ཁྱིམ་མིའི་ཁ་གྲངས་གསུམ་ཡན་ཆད་ལ་སྨི་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་པ་སོ་བདུན་དང་། ཁྱིམ་མི་གཉིས་ཅན་ལ་སྨི་གྲུ་བཞི་མ་ལྔ་བཅུ་ཅན་གྱི་ཁང་པ་དགུ། ཁྱིམ་མི་གཅིག་ཅན་ལ་སྨི་གྲུ་བཞི་མ་ཉེར་ལྔ་ཅན་གྱི་ཁང་པ་ལྔ་བཅས་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཆབ་ཆར་གནས་སྤོར་མ་བྱས་སྔོན་གྱི་ཆོས་ཚ་སྡེ་བའི་དབུལ་ཁྱིམ་བརྒྱ་ཕྲག་ལྷག་ཆོས་ཚ་སྡེ་བ་ནས་ཆོས་ཚ་ཚོ་བར་བསྒྱུར་རྗེས་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་དེ། དབུལ་ཁྱིམ་དེ་དག་གི་རྩྭ་ས་སྔར་མལ་བཞིན་སོར་འཇོག་བྱས་ཡོད་པས་ལོ་རེར་རྩྭ་ས་གཞན་ལ་གླས་ནས་ཡོང་སྒོ་འཚོལ་བཞིན་ཡོད་པར་མ་ཟད། ལོ་རེའི་རྩྭ་སའི་ཁ་གསབ་མ་དངུལ་ཡང་ལོངས་སྤྱོད་བྱེད་བཞིན་ཡོད། ༢༠༡༨ལོར་ཆབ་ཆ་གྲོང་རྡལ་དུ་གནས་སྤོར་བྱས་པ་ནས་དུས་རབས་གསར་པའི་ཆོས་ཚ་ཚོ་བའི་མང་ཚོགས་ཀྱིས་སོ་སོའི་འཇོན་ནུས་ལ་བརྟེན་ནས་ཚོང་ལས་ཆུང་བ་དང་འཚེམ་བཟོའི་ལས་རིགས་གཉེར་བཞིན་ཡོད་ཅིང་། མང་ཚོགས་ཕལ་ཆེ་བས་དངོས་ཟོག་དབོར་འདྲེན་གྱི་ཞོར་ལས་བཙལ་ནས་འཚོ་བའི་ཆ་རྐྱེན་ཐད་ཕྱོགས་སྒོ་མོ་ནས་འཕོ་འགྱུར་གསར་པ་བྱུང་ཡོད། ཆོས་ཚ་ཚོ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ནམ་མཁའ་རྡོ་རྗེ་ཡི་འགྲོ་རོགས་འོག་གསར་འགོད་པ་ཡུལ་དངོས་སུ་ཐོན་པ་ན། གནས་སྤོར་གཞིས་ཁུལ་གསར་བ་དེའི་ཇུས་འགོད་གཅིག་གྱུར་གྱི་ཁང་པ་ནི་གཞིས་མིན་སྤྲོ་ཁཔ་གི་རྣམ་པས་འཛུགས་སྐྲུན་བྱས་ཡོད་ལ། ཁང་གསར་ནང་དུ་གསར་དར་གྱི་རྒྱན་སྤྲོས་བྱས་ཡོད་པར་མ་ཟད་གློག་གི་དྲོད་རླངས་ཡང་འཐེན་ཡོད་པས། ཕྱི་རོལ་གྱི་ནམ་ཟླ་ཤིན་ཏུ་འཁྱག་ནའང་ཁང་མིག་ནང་དུ་དབྱར་གཞུང་ལྟ་བུའི་དྲོད་ཁོལ་གྱིས་ཁྱབ་ཡོད། དེ་ནས་གསར་འགོད་པས་ཧྲུའུ་ཅི་ནམ་མཁའ་རྡོ་རྗེ་ཡི་ངོ་སྤྲོད་ལྟར་བཟོ་བ་རིན་ཆེན་རྒྱལ་ཚང་ལ་བཅར་འདྲིར་ཕྱིན།
བཟོ་བ་རིན་ཆེན་རྒྱལ་གྱིས་བཤད་པ་ནང་བཞིན། ཆོས་ཚ་ཚོ་བའི་མང་ཚོགས་ཀྱི་ཚོང་ལས་ཡོང་འབབ་དང་འཚོ་བ་རོལ་སྟངས་ལ་གོ་རྟོགས་གསར་བ་བྱུང་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བླ་མེད་རྒྱབ་སྐྱོར་ལ་བརྟེན་ནས་མང་ཚོགས་ཀུན་པོར་ཡང་སྔ་ས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་དུ་བསྐྱོད་པར་ཡིད་ཆེས་དང་རེ་བས་ཁེངས་ཡོད། ཆོས་ཚ་ཚོ་བའི་གནས་སྤོར་དབུལ་སྐྱོར་གྱི་ལས་གཞི་འདིར་སྤྱི་བསྡོམས་པས་མ་དངུལ་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་ལྔ་ལྷག་བཏང་ཡོད་ཅིང་། དེ་ལས་རྒྱལ་ཁབ་ཀྱིས་མ་དངུལ་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་དགུ་ཁྲི་གསུམ་དང་རོགས་སྐྱོར་དབུལ་སེལ་མ་དངུལ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད། མང་ཚོགས་རང་སྟེང་ནས་མ་དངུལ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་བཀོལ་ཡོད། དེ་བས་ཀྱང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དབུལ་སྐྱོར་སྡེ་ཁག་གི་མ་དངུལ་འབོར་ཆེན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་ད་ལྟ་ཆོས་ཚ་ཚོ་བར་མགྲོན་ཁང་དང་ཟ་ཁང་། བཟོ་ཁང་སོགས་གཞི་གཅིག་ཅན་གྱི་ཐོན་ལས་གསར་སྤེལ་གྱི་ར་བ་ཡང་ཡོད་དེ། མི་འགྱངས་པར་དངོས་སུ་བདག་གཉེར་བྱ་འཆར་ཡོད། ཆོས་ཚ་ཚོ་བ་གནས་སྤོར་གྱི་གནས་ཚུལ་ངོས་ཐད་ནས་ཧྲུའུ་ཅི་ནམ་མཁའ་རྡོ་རྗེ་ཡིས་བཤད་རྒྱུར།
ཆབ་འགག་གསེར་གཞུང་གི་ཕང་བར་སྐར་ཚོགས་བཞིན་བཞད་པའི་དུས་རབས་གསར་བའི་ཆོས་ཚ་ཚོ་གསར་གྱིས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་གོ་སྐབས་གསར་བ་དང་སྟོབས་ཤུགས་གསར་པར་བསྒྱུར་ནས།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་མཐུན་སྒྲིལ་གྱི་གོམ་སྟབས་མཉམ་དུ་བླངས་ནས། འཆམ་མཐུན་དཔལ་ཡོན་གྱི་དུས་རབས་གསར་བའི་མཛེས་སྡུག་འབྱོར་ཕྱུག་གི་གྲོང་ཚོ་གསར་བ་མངོན་འགྱུར་ལ་ཡིད་ཆེས་དང་སྤོབས་པས་ཁེངས་ཡོད།