དམངས་ཀྱི་འཛད་སྤྱོད་ལས་འཚོ་བའི་ཆུ་ཚད་མངོན་འདུག
2020.01.19 ཁུངས། ཀློག་གྲངས། 336

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཆོས་ཕྱུག་རྒྱལ་དང་ཚེ་རིང་བཀྲ་ཤིས།སྐལ་བཟང་རྣམ་རྒྱལ་བཅས་ཀྱིས་བཀོད་པའི་གསར་འགྱུར།
ལོ་སར་ནི་ཉི་མ་སུམ་བརྒྱ་དྲུག་ཅུའི་དཀའ་སྡུག་གི་རྔུལ་ཆུ་ལ་རྫོགས་ཚིག་འགོད་པའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ལ།ལོ་སར་ནི་ནང་མི་ལྷན་དུ་འཛོམས་པའི་བརྩེ་འདང་གི་སྦྲེལ་ཐག་ཡིན།གནམ་ལོ་གསར་བ་ཚེས་ལ་ཉེ་བའི་དུས་སྐབས་འདིར།གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཐོན་པ་ན།ཆབ་འགག་གསེར་གཞོངས་རིང་མོའི་ཕང་བ་ན་མི་ཚོགས་ཀྱི་རྒྱུ་བའི་འདུ་འགོད་རབ་ཏུ་རྒོད་ཅིང་།ཁྲོམ་སྲང་དང་ཚོང་ར་ཀུན་ན་ཉོ་ཚོང་གི་ལས་ལ་བྲེལ་བའི་ངང་ཚུལ་ནི་བལྟས་ན་ཉམས་དགའ་ཞིང་།བསམ་ན་དྲིན་ཚོར་ཡོང་བའི་སྣང་བ་ཞིག་འགོག་མེད་དུ་སྟེར།ཉམས་ནི་ལོས་དགའ་སྟེ་རྒྱལ་ཡོངས་འབྱོར་འབྲིང་གི་ལམ་ཆེན་སྟེང་དུ་བང་གིས་རྒྱུགས་པའི་དུས་སྐབས་འདིར།བོད་ཡུལ་གྱི་གཞི་རིམ་ཁག་ནའང་ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་དྲག་ཏུ་འཕྱོ་ཞིང་། མང་ཚོགས་ཕྱུག་འགྱུར་གྱི་ཕྱོགས་སུ་ངང་གིས་ཆས་ཏེ།ལུང་བ་ཁ་རུབ་དག་གི་ནང་དུ་འཚོ་བའི་རོང་འབྲོག་ཕོ་མོ་རྒན་གཞོན་ཀུན་གྱིས་དེང་རབས་ཤེས་རིག་གིས་བསྐྱེད་པའི་འཚོ་བའི་ལོངས་སྤྱོད་ཀྱི་རྩ་ལག་མ་ལུས་བེད་སྤྱོད་ཐུབ་ཡོད་པ་མ་ཡིན་ནམ། དྲིན་ཡང་ལོས་ཚོར་ཏེ་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ། བོད་ཡུལ་སྟོད་སྨད་བར་གསུམ་གྱི་འཚོ་བའི་རྣམ་པ་ལ་གནམ་ས་བླ་འོག་བརྗེས་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། ད་ལྟ་ལོ་སར་གྱི་སྐབས་སུའང་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་རི་ལྟར་བརྩིགས་ཤིང་། རས་ཁ་སྣ་མང་གི་རྒྱན་གོས་ལུས་ལ་སྤྲས་ཏེ།ལོ་སར་རྟེན་འབྲེལ་གྱི་ཡན་ལག་མ་ལུས་ཡོངས་སུ་ཚང་ཐུབ་ཡོད་པ་མ་ཡིན་ནམ།


ཏང་གི་ཚོགས་ཆེན་ཏང་བཅུ་དགུ་པའི་སྙན་ཞུའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་ལམ་ཆེན་སྟེང་གོམ་པ་སྤོས་པ་ན།རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོ་དེ་ཡང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་ཆེ་རུའགྲོ་བ་དང་འཕེལ་རྒྱས་དོ་མཉམ་མིན་པའི་བར་གྱི་འགལ་བ་དེ་ཡིན་ཞེས་གསུངས་པ་བཞིན།གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་གྱི་ཁྲོམ་སྲང་ལ་ཐོན་དུས།རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ལོ་སར་དུས་སྐབས་སུ་སྤྱོད་རྒྱུའི་ཟས་རིགས་སྤུས་ལེགས་དང་ཅ་ལག་གསར་པ།གོས་ལྭ་སོ་མ་ཉོ་བཞིན་འདུགདེའི་ཁྲོད་མང་ཚོགས་ཤིག་གིས་བཤད་རྒྱུར།དེང་སྐབས་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལ་འཚོ་བའི་ཡོང་སྒོ་ཇེ་བཟང་དུ་སོང་པས།ངས་ལོ་རེ་སར་ན་གོས་རེ་བརྗེས་ནི་ཡིན་ཟེར།

གསར་འགོད་པས་ས་གནས་དབུལ་སྐྱོར་ཅུའུ་ལས་རྒྱུས་ལོན་བྱུང་པ་ལྟར་ན།གུང་ཧོ་རྫོང་དབུལ་སྐྱོར་ཅུའུ་ཡིས་ས་གནས་ཁེ་ལས་བཟང་ཤོས་དག་གིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་སྣེ་ཁྲིད་བྱེད་པའི་ཕྱོགས་སུ་སྐུལ་འདེད་བཏང་ནས།སྡེ་བ་སོ་སོའི་དབུལ་ཕོངས་ཁྱིམ་ཚང་དང་ངལ་རྩོལ་པ་ལྷག་མ་རྣམས་ལ་ལས་ཞུགས་ཀྱི་གོ་སྐབས་སྩོལ་ཆེད་དུ་རྫོང་དབུལ་སྐྱོར་ཐོན་ལས་ར་བ་འཛུགས་སྐྲུན་བྱས་ཤིང་།ཐོན་ལས་ར་བའི་ནང་དུ་ཞུགས་པའི་ས་གནས་ཁེ་ལས་པ་རྣམས་ལ་ཐོན་ལས་བཟོ་གྲྭའི་ཁང་ས་རིན་མེད་འདོན་སྤྲོད་བྱས་པ་དང་།ཁེ་ལས་གཉེར་པའི་ཚོང་ཁང་རྣམས་ཀྱིས་སྡེ་བ་སོ་སོའི་དབུལ་ཕོངས་ཁྱིམ་མི་དང་ངལ་རྩོལ་པ་ལྷག་མ་བསྡུ་རབ་བྱས་ཏེ། ཁོ་ཚོར་ཐོན་སྐྱེད་ཀྱི་བྱ་བ་སྒྲུབ་ཏུ་བཅུག་ནས་འཚོ་བའི་འགྲོ་གྲོན་ལ་འདང་ངེས་ཀྱི་གླ་ཕོགས་བྱིན་པས།གུང་ཧོ་རྫོང་གི་མངའ་ཁོངས་སུ་གནས་པའི་རོང་འབྲོག་མང་ཚོགས་རྣམས་ཀྱི་འཚོ་བར་འགྱུར་ལྡོག་གསར་བ་བྱུང་འདུག་ལ།མ་གཞི་མང་ཚོགས་ཀྱིས་ལོ་སར་གྱི་སྟ་གོན་ལ་དེ་ལྟ་བུའི་འཛད་སྤྱོད་བྱེད་ནུས་པ་ཡང་རྒྱུ་རྐྱེན་དེ་དག་ལ་རག་ལས་པ་རེད། དེའི་སྐོར་ནས་ཨེར་སྟི་ཞང་ཆུ་རྔ་སྡེ་བའི་དབུལ་ཕོངས་སྡེ་མི་ཁྱུང་མོ་ཡིས་བཤད་རྒྱུར།


ཁྱུང་མོ་ནི་གསེར་ཆེན་བོད་ལྭ་ཆེད་འཚོང་ཁང་གི་ལས་བཟོ་བ་ཞིག་རེད།མོས་རང་གི་བོད་ལྭ་བཟོ་བའི་ལག་ཤེས་རྩལ་ནུས་ལ་བརྟེན་ནས་ཁྱིམ་ཚང་གི་ཡོང་སྒོ་འཚོལ་བཞིན་ཡོད་ལ།ཕལ་ཆེར་ལོ་རེར་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་གི་ཡས་མས་འཚོལ་ཐུབ་ཀྱི་ཡོད།ཚོང་ཁང་འདིའི་ནང་དུ་མོ་དང་མོ་ལྟ་བུའི་དབུལ་ཕོངས་ཁྱིམ་མི་ད་དུང་ཉི་ཤུ་ལྷག་ཡོད།དབུལ་ཕོངས་ཁྱིམ་མི་དེ་དག་གིས་རང་གི་དཀའ་སྤྱད་ཀྱི་འབད་འཐབ་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་ར་བ་འདིའི་ནང་དུ་འབད་པ་ཧུར་ཐག་གིས་ལས་ཀ་གཉེར་བཞིན་འདུག་ལ།དེ་ལྟར་ལོ་གཅིག་གི་དཀའ་སྡུག་གི་གྲུབ་འབྲས་སུ་རློམ་ཆོག་པའི་ཡོང་འབབ་ལ་བརྟེན་ནས།ནང་བཟའ་ཚང་ཀུན་གྱི་ཁ་རྒྱབ་དང་འཚོ་བ་ལ་འགན་སྲུང་བྱས་ཡོད་པར་མ་ཟད།ལོ་སར་ཐོན་ལ་ཉེ་བའི་དུས་སྐབས་འདི་ལའང་ཅ་ལག་ཉོ་འཚོང་གི་སྒོར་མོས་འདང་མིན་ལ་སེམས་ཁུར་སྤུ་ཙམ་ཡང་བྱེད་ཀྱི་མི་འདུགདེའི་སྐོར་ནས་སེར་ཆེན་བོད་ལྭ་ཆེད་ཚོང་ཁང་གི་སྦྱིན་བདག་གསང་བདག་སྒྲོལ་མ་ཡིས་བཤད་རྒྱུར།


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་དེ་ལྟར་ཐོན་ལས་ཀྱིས་དབུལ་སྐྱོར་ལ་གཞོགས་འདེགས་བྱས་ཤིང་།མང་ཚོགས་ཀྱིས་ཧུར་ཐག་གིས་འབད་བརྩོན་བྱས་པ་ལ་བརྟེན་ནས།དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དེ་འབྱོར་འབྲིང་གི་འཚོ་བ་གནམ་ལོ་གསར་པའི་སྐྱ་རེངས་དང་བསྡོངས་ནས་བསུ་བའི་སྟ་གོན་བྱེད་ཀྱིན་མཆིས་ལ། རྫོང་མཁར་གྱི་ཁྲོམ་ར་དག་ན་མང་ཚོགས་ཀྱིས་རང་གི་འདོད་པ་ལྟར་སྤུས་ལེགས་དངོས་རྫས་སྣ་ཚོགས་ཀྱི་ཉོ་ཆ་ལ་ཕངས་མེད་དུ་འཛད་སྤྱོད་བྱེད་པའི་ངང་ཚུལ་དེ་ཡིས།དུས་རབས་གསར་པའི་མཛེས་སྡུག་གི་འཚོ་བ་ལ་ཕུན་ཚོགས་བདེ་བཞིའི་ལོངས་སྤྱོད་ཀྱི་འབྱོར་བའི་ཁོ་ལག་རྫོགས་ཡོད་པ་བདེན་དཔང་བྱེད་ཀྱིན་མཆིས།