དཔྱིད་དུས་ཀྱི་ཡུས་ཧྲུའུ།
2020.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་4ཚེས་1ཉིན་ནི་ཡུས་ཧྲུའུ་གྲོང་ཁྱེར་ལ་མཚོན་ན་སྔར་བཞིན་རྒྱུན་ལྡན་གྱི་ཉིན་མོ་ཞིག་རེད།

སྔ་དྲོའི་དུས་ཚོད་བཅུའི་ཡས་མས་སུ་གནམ་གཤིས་རིམ་བཞིན་དྭངས་ཤིང་ཉི་འོད་འཇམ་པོ་ཞིག་ཡུས་ཧྲུའུ་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་འཕྲོས། མཐུན་སྒྲིལ་སྡེ་ཁུལ་གྱི་བྱེད་སྒོའི་ཐང་ཆེན་དུ་ལོ་ན72ལ་སླེབས་པའི་བོད་རིགས་ཨ་མ་རྒན་མོ་པད་དཔལ་རྐུབ་སྟེགས་ཆུང་ངུ་ཞིག་གི་སྟེང་བསྡད་དེ་ཉི་མར་ལྡེ་བཞིན་འདུག

གསར་འགོད་པ་ཨ་མ་རྒན་མོ་པད་དཔལ་ཚང་གི་ཁྱིམ་དུ་སླེབས་དུས་ཁང་པའི་ནང་ཡོངས་སུ་མཐིལ་ཤིང་བཏིངས་ཡོད་པ་དང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཆ་ཚང་བསྒྲིགས་ཡོད་པར་མ་ཟད། གཤེར་ཤེལ་བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་པོ་ཡིན་པ་དང་། ཐབ་ཚང་ནང་དུ་ཉི་འོད་ནུས་པའི་སྐྱེ་དངོས་ནུས་རྒྱུའི་གྲོན་ཆུང་ཐབ་ཀ་དང་དྲོད་སྲུང་ཆུ་སྒམ་བཞག་ཡོད་ཅིང་། གསང་སྤྱོད་ཁང་དུ་ལུས་པོ་བཀྲུ་སའི་ཁྲུས་གཞོང་སོགས་གྲལ་དག་པར་བཞག་འདུག སྐབས་དེར་ཨ་མ་རྒན་མོ་པད་དཔལ་གྱིས་དེ་འདྲ་དག་རྒྱུ་མེད་པའི་རྒྱའི་སྐད་ཀྱིས་འོ་ཇ་ཐུངས། ཤིང་ཏོག་ཟོ་ཞེས་འཛུམ་མདངས་དང་བཅས་གསར་འགོད་པ་རྣམས་ལ་སྣེ་ལེན་བྱས།

ཨ་མ་རྒན་མོ་པད་དཔལ་ལ་བུ་དང་བུ་མོ་ལྔ་ཡོད་པ་དང་ཚང་མ་ས་གནས་དེ་གའི་སྲིད་འཛིན་སྡེ་ཁག་ཏུ་ཞུགས་ནས་བྱ་བ་ལས་བཞིན་ཡོད། མོའི་ཁྱོ་གའི་མིང་ལ་སྐལ་བཟང་ཟེར་ཞིང་ལོ་བཅུའི་ཡར་སྔོན་དུ་ཡུལ་ཤུལ་ལ་ས་འགུལ་གྱི་གོད་ཆགས་ཆེན་པོ་བྱུང་སྐབས་གློ་བུར་དུ་ཀླད་ཁྲག་ཤོར་ནས་གཞོགས་ཕྱེད་ཞ་བོར་ཆགས་པ་དང་ལོ་ཤས་རིང་སྨན་བཅོས་བྱས་པ་བརྒྱུད་ད་སྐབས་འགུལ་སྐྱོད་ཅུང་ཙམ་རེ་བྱེད་ཐུབ་ཀྱི་ཡོད་པ་རེད།

2010ལོའི་ཟླ་4ཚེས་14ཉིན་ཡིས་ཧྲུའུ་རུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་བྱུང་བ་རེད། སྐབས་དེར་ས་འགུལ་གྱི་གནོད་འཚེ་དེ་འདྲ་ཞིག་བྱུང་བའི་གནས་ཚུལ་སྐོར་གླེང་སྐབས། དེ་རིང་ཨ་མ་རྒན་མོ་པད་དཔལ་གྱི་གདོང་ནས་སྐྱོ་སྡུག་གི་ཉམས་འགྱུར་ཅི་ཡང་ཐོན་གྱི་མི་འདུག   ས་འགུལ་བྱུང་བའི་ཉིན་དེའི་མཐོང་ཐོས་རེ་གཉིས་ཙམ་ལབ་གླེང་བྱས་རྗེས་སུ་ང་ཚོའི་གླེང་གཞི་དེ་གཞན་དུ་བསྒྱུར་བ་ཡིན།  “བྱིས་པ་སློབ་གྲྭར་ཞུགས་པར་འགྲོ་སོང་གཏོང་མི་དགོས་པ་དང་ན་ཚ་བྱུང་ཚེ་སྨན་པ་སྟོན་པར་ཧ་ཅང་སྟབས་བདེ་བ། སྡོད་ཁང་གསར་པ་ཡིན་པ་བཅས་ད་ལྟའི་འཚོ་བ་དངོས་གནས་སྐྱིད་པོ་རེད། ”ཨ་མ་རྒན་མོ་པད་དཔལ་གྱིས་རྒྱ་སྐད་ཡག་པོ་བཤད་མི་ཤེས་ནའང་མོས་གསར་འགོད་པར་དེ་ལྟར་བཤད་དུས་སུ་ཐོག་མཐའ་བར་གསུམ་དུ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག་པར་བལྟས་ན་ད་ལྟ་མོ་རང་གི་འཚོ་བར་ཧ་ཅང་བདེ་སྐྱིད་ལྡན་པ་གསལ་བོར་རྟོགས་ཐུབ།

གསར་འགོད་པ་ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་དུ་ཐོན་དུས། སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་བྱུང་ལ་བྱིས་པ་ཚོ་སློབ་ཁང་གི་སྒོར་ཐོན་ཏེ་ཡངས་ཤིང་རྒྱ་ཆེ་བའི་སློབ་རའི་ནང་དུ་ཁོ་ཚོ་དགའ་སྤྲོའི་ངང་རྩེད་མོ་སྣ་ཚོགས་ལ་རོལ་བར་བྲེལ་ཞིང་། གསར་འགོད་པའི་བརྙན་མིག་གི་མདུན་དུ་བཟོ་ལྟ་སྣ་ཚོགས་ཤིག་སྟོན་ཞོར་པར་བརྒྱབ་བྱུང་།

གསར་འགོད་པ་རྣམས་ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་དང་ཁ་བྲལ་རྗེས་ལམ་དུ་ཅུང་ཙམ་བསྐྱོད་སྐབས། དྲི་འཛིན་གྱི་ལམ་དུ་ཟས་ཀྱི་དྲི་མ་ཞིམ་པོ་ཞིག་ངང་གིས་འཐུལ་འོང་ཞིང་། ཡུས་ཧྲུའུ་སྣ་འཛོམས་ཚོང་ཁང་ཆེན་མོའི་འགྲམ་དུ་སླེབས་སྐབས་མཱ་ཞིག་ཧྭ་ཡིས་སྔར་རྒྱུན་ལྟར་ཐབ་ཀ་ཡག་པོ་ཞིག་གི་སྟེང་དུ་བསྲེག་ཟས་ཞིམ་པོ་དེ་ལས་ནས་ཉིན་གཅིག་གི་ལས་ཀའི་མགོ་བརྩམས་འདུག་པ་དང་། ཁོ་མོའི་འགྲམ་དུ་བསྲེག་ཟས་ཉོ་མཁན་གྱི་མི་མང་པོ་ཞིག་སྔ་མོ་ནས་འཚང་ཁ་ཤིག་ཤིག་གིས་གྲལ་ལྟར་བསྒྲིགས་འདུག་པས་ཁོ་མོར་བྲེལ་འཚུབ་ཆེན་པོས་ཁེངས་འདུག

“ཡུས་ཧྲུའུ་ཡི་འཕེལ་རྒྱས་ནི་ཉིན་རེ་ནས་ཉིན་རེར་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་ངའི་བསྲེག་ཟས་ཀྱི་ཚོང་འདི་ཡང་ཉིན་རེ་ནས་ཉིན་རེར་ཇེ་ལེགས་རེད། ” མཱ་ཞིག་ཧྭ་ཡིས་བཟའ་བཅའི་རྒྱུ་ཆ་གྲ་སྒྲིག་བྱེད་བཞིན་གསར་འགོད་པར་དེ་ལྟར་བཤད།མ་ཞིག་ཧྭ་ནི་མེན་ཧོ་རྫོང་གི་མི་ཡིན་པ་དང་། སྔོན་ཆད་ཁོ་མོས་ན་གོར་མོ་གྲོང་ཁྱེར་དུ་བཟའ་བཏུང་གི་རིགས་ཚོང་ལས་བྱེད་པའི་ལས་ཀ་གཉེར་ཀྱི་ཡོད། ཡིན་ནའང་ས་གནས་དེ་རུ་ཚོང་ལས་དེ་རིགས་ཀྱི་འགྲན་རྩོད་གནོན་ཤུགས་ཧ་ཅང་ཆེ་བ་དང་ཡོང་སྒོ་འང་དེ་འདྲ་བཟང་རྒྱུ་མེད་། དེའི་སྟབས་ཀྱིས་2016ལོར་གཉེན་ཉེས་ངོ་སྤྲོད་བྱས་པ་བརྒྱུད་མཱ་ཞིག་ཧྭ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཡོང་ནས་བསྲེག་ཟས་བཙོང་ས་ཆུང་ངུ་ཞིག་ཕྱེས་ནས་ཚོང་བརྒྱབ་པ་དང་། ད་ལྟ་ཁོ་མོའི་ཚོང་དེ་སྔོན་ཆད་དང་བསྡུར་ན་ཅུང་བཟང་པས་ཉིན་རེར་སྒོར་མོ་200ལྷག་ཙམ་གྱི་ཡོང་སྒོ་ཡོད་པ་དང་གཟའ་མཇུག་ཏུ་ཐོན་དུས་དེ་ལས་ཡག་པོ་ཡོད། དེར་མ་ཟད་ད་ལྟ་ཁོ་མོའི་བྱིས་པ་སློབ་གྲྭར་འགྲོ་བའི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ་ཡོད་པ་རེད།

ལོ་ངོ་བཅུ་ཡི་དུས་ཚོད་ནང་དུ་ཡུས་ཧྲུའུ་གསར་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་སྟེ། ཕྱོགས་བཞི་མཚམས་བརྒྱད་དུ་འགྲིམ་འགྲུལ་ཤར་གཏོང་བྱེད་ཐུབ་པར་མ་ཟད། འཐུས་སྒོ་ཚང་བའི་སློབ་གསོའི་སྒྲིག་གཞི་དང་མི་དམངས་ལ་ཕན་པའི་དམངས་འཚོའི་འགན་སྲུང་། དག་གཙང་ལྗང་མདོག་གི་ཁྲོམ་སྲང་།  ལས་གཏོད་ལས་ཞུགས་ཀྱི་ཁོར་ཡུག་སོགས་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་པར་བྱས་ཡོད།

2018ལོར་ཡུས་ཧྲུའུ་རུ་འཛུགས་སྐྲུན་རྒྱུ་ཆའི་ཚོང་རྒྱག་བཞིན་པའི་ཀྲང་ཀང་ཆང་ལ་མཚོན་ན།ཡུས་ཧྲུའུ་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཚད་དེ་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ་དང་བསྟུན་ནས། ཁོའི་འཛུགས་སྐྲུན་རྒྱུ་ཆའི་ཚོང་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་སོང་། དེ་བས་ཁོས་བསམ་པར་ད་ནི་ཕྱིར་ཟི་ལིང་དུ་ལོག་དགོས་པ་འམ་ཡང་ན་ལས་རིགས་གཞན་ཞིག་གཉེར་དགོས་པ་ཡིན་ནམ་དེ་ལྟར་ཡུན་རིང་པོར་བསམ་བློ་བཏང་།  སྐབས་དེར་ཀྲང་ཀང་ཆང་གིས་འོ་ཇ་ཚོང་གཉེར་བྱེད་པའི་ཚོང་ལས་དེ་ད་ལྟ་ས་ཁུལ་མང་པོ་ཞིག་ཏུ་ཁྱབ་ཡོད་ནའང་ཡུས་ཧྲུའུ་གྲོང་ཁྱེར་དུ་ཚད་ལྡན་གྱི་འོ་ཇ་ཚོང་ཁང་མེད་པ་དང་།  བོད་རིགས་སྤུན་ཟླ་མང་ཆེ་བ་འོ་ཇ་འཐུང་རྒྱུར་དགའ་པོ་ཡོད་པར་མ་ཟད། ཡུས་ཧྲུའུ་ཡི་འོ་མའི་ཐོན་རྫས་ཀྱི་སྤུས་ཚད་ཀྱང་ཡག་པོ་ཡོད་པར་དམིགས་ནས་ཀྲང་ཀང་ཆང་གིས་འོ་ཇ་གྲགས་ཅན་གྱི་ཟོང་རྟགས་ཤིག་བརྩོན་ལེན་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཚོང་ཁང་བཙུགས་པ་རེད།

“ས་གནས་འདིའི་མི་རྣམས་ཀྱིས་འོ་ཇ་འཐུང་རྗེས་སུ་འོ་ཇ་མངར་མོ་རེད་ཟེར་ནས་ཕྱིར་ཡོང་མཁན་ཡང་ཤིན་ཏུ་མང་པོ་འདུག  ད་ལྟ་ཚོང་ཤིན་ཏུ་བྲིན་པོ་འདུག” ཅེས་ཀྲང་ཀང་ཆང་གིས་གསར་འགོད་པར་བཤད།  དེ་ལྟར་ས་གནས་ཀྱི་མི་མང་པོ་ཞིག་གིས་རྒྱུན་དུ་འོ་ཇ་ ཉོ་བའི་རྣམ་པ་དེ་མཐོང་དུས་ཀྲང་ཀང་ཆང་གི་སེམས་སུ་ཡིད་ཆེས་དང་སྤོབས་པས་ཁེངས་འདུག

གྲོང་ཁྱེར་འཕེལ་རྒྱས་སུ་སོང་བ་དེས་ཀྲང་ཀང་ཆང་དང་མཱ་ཞིག་ཧྭ་ལྟ་བུའི་ས་ཆ་གཞན་གྱི་མི་ལ་ཚོང་ལས་ཀྱི་གོ་སྐབས་སྦྱིན་པར་མ་ཟད། ས་གནས་ཀྱི་མི་དམངས་མང་ཚོགས་ལའང་ཕན་བདེ་བསྐྲུན་ཡོད།

ཀུན་དགའ་རྣམ་རྒྱལ་ནི་ན་ནིང་ཟླ་དྲུག་པར་མཐོ་རིམ་སློབ་གྲྭའི་གསོལ་ཁང་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་།   དེའི་རྗེས་སུ་རང་ཉིད་ཀྱི་ཕ་ཡུལ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་སྐར་མ་རིམ་པའི་གསོལ་མགྲོན་ཁང་ཞིག་ནས་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་རྙེད། “ལོ་འདི་དག་གི་རིང་ཡུས་ཧྲུའུ་ཁུལ་དུ་གནས་སྐོར་དུ་ཡོང་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་རིགས་སྣ་ཚོགས་ཀྱི་གསོལ་མགྲོན་ཁང་ཡང་མང་དུ་འཕེལ་བཞིན་ཡོད། སྔོན་ཆད་ཡིན་ཚེ་ཡང་མིན་ན་ང་རང་གྲོང་ཁྱེར་ཞིག་ཏུ་སོང་ནས་གླ་རྒྱག་དགོས་པ་དང་དེ་མིན་ན་ཕ་ཡུལ་དུ་སོང་ནས་ཕྱུགས་ཟོག་འཚོ་དགོས་པ་རེད།”ཅེས་ཀུན་དགའ་རྣམ་རྒྱལ་གྱིས་བཤད། ད་ལྟ་ཁོ་ལ་ཟླ་གཅིག་ལ་ཡོང་འབབ་སྒོར་4000ཙམ་ཡོད། ལས་ཀའི་སྐོར་གླེང་སྐབས་ཀུན་དགའ་རྣམ་རྒྱལ་གྱི་གདོང་ལ་འཛུམ་གྱིས་ཁེངས་འདུག་པ་དང་མིག་སྔའི་གླ་ཕོགས་ཀྱིས་ཁོའི་དཔལ་འབྱོར་གྱི་ཐད་ནས་རང་མགོ་ཐོན་གྱི་ཡོད་པས་ཁོའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།

གསར་འགོད་པ་རྨ་ཆུ་ལམ་དུ་ཐོན་དུས་རླངས་འཁོར་བཀྲུ་ས་ཞིག་ཏུ་སྐལ་བཟང་ཚང་གི་བཟའ་མི་རྣམས་བྲེལ་ཟིང་གིས་ཁེངས་ནས་གྲལ་བསྒྲིགས་པའི་རླངས་འཁོར་སྣ་ཚོགས་ འཁྲུད་པའི་ལས་ལ་བྲེལ་བཞིན་འདུག གསར་འགོད་པས་ཁོ་ཚང་གི་ཉིན་གཅིག་གི་ཡོང་འབབ་སྐོར་འདྲི་སྐབས།  བཀྲ་རྐྱང་གིས་འཛུམ་དམུལ་དམུལ་ངང་ལག་པའི་མཛུབ་མོ་ལྔ་བསྟན་ནས་སྒོར་ལྔ་བརྒྱ་རེད་ཟེར།

ཉི་མ་ནུབ་ལ་ཉེ་དུས། ཡུས་ཧྲུའུ་གྲོང་ཁྱེར་གྱི་འཚོ་བའི་སྒོ་རྩིས་ཚོང་ཁང་ཆེ་ཤོས་དེའི་ནང་གི་ཤ་རིགས་བཙོང་ས་ན་སྐམས་ལུག་གི་ཤ་དང་། བྱ་དང་ཕག་གི་ཤ་སོགས་ཤ་རིགས་སྣ་ཚོགས་ཡོད་པར་མ་ཟད།   ཤིང་ཏོག་དང་སྔོ་ཚལ་བཙོང་ས་ནའང་སྣ་ཁ་མང་པའི་སྔོ་ཚལ་དང་སིལ་ཏོག་གི་རིགས་ཤིན་ཏུ་མང་པོ་ཡོད་པས་བོད་རྒྱ་མི་རིགས་གང་ཡིན་ཡང་གདོང་ལ་འཛུམ་གྱིས་ཁེངས་ནས་རང་མཁོ་ཚོང་རྫས་སྣ་ཚོགས་འདེམས་ཉོ་བྱེད་བཞིན་འདུག

ད་ལྟ་ས་འགུལ་བྱུང་རྗེས་ཀྱི་ཡུས་ཧྲུའུ་ས་གཞི་ཆེན་མོའི་ཐོག    ཁང་བརྩེགས་གསར་པ་རེ་རེ་འགྱིང་ངེར་ལངས་འདུག་ལ་ཁོད་ཡངས་པའི་གཞུང་ལམ་རེ་རེ་ཕྱོགས་བཞིར་འཐེན་ཡོད། འབྲོག་ཁྱིམ་རེ་རེ་གསར་དུ་འཛུགས་སྐྲུན་བྱས་པས་མི་དམངས་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་ཞིང་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་འཇགས་ཡིན་པས་ཡུལ་དེའི་མི་རྣམས་ཀྱི་གདོང་ན་བཞད་པའི་འཛུམ་མདངས་རེ་རེ་ཡིས་ཡུས་ཧྲུའུ་ཡི་འཚོ་བ་གསར་པའི་བདེ་སྐྱིད་གསལ་བཤད་བྱེད་བཞིན་ཡོད།

གསར་འགོད་པ་རྣམས་ས་གང་དུ་ཐོན་ན་ས་དེའི་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དེ་ནི་གསར་འགོད་པས་ཡུས་ཧྲུའུ་ས་ཁུལ་དུ་བཅར་འདྲི་བྱེད་པའི་རིང་ཚོར་བ་ཆེས་ཟབ་མོ་དེ་རེད།  ཁོ་ཚོའི་གདོང་གི་འཛུམ་མདངས་དེའི་ཁྲོད་འཚོ་བ་གསར་པའི་སྤྲོ་སྣང་ཡོད་ལ་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་རེ་སྨོན་ཡང་མཐོང་ཐུབ།

                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།