ཡུས་ཧྲུའུ་4•14གནོད་སེལ་རྒུད་སྐྱོབ་ལ་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་གཟབ་རྒྱས་ངང་བསྡུས།
2020.04.15 ཁུངས། ཀློག་གྲངས། 124

ཟླ་བཞི་བའི་ཚེས་བཅུ་བཞི་ཉིན། ཡུས་ཧྲུའུ་4·14གནོད་སེལ་རྒུད་སྐྱོབ་ལ་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་འདུ་ཡུས་ཧྲུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་ལིག་ཉིན་གྱིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས།

ཡུས་ཧྲུའུ་གྲོང་ཁྱེར་གྱི་དྲིན་ཚོར་ཐང་ཆེན་དུ། དྲིན་གཟོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་ཡོད་ལ། འགྲམ་གཉིས་སུ་ལུག་མིག་མེ་ཏོག་གིས་བསླས་པའི་མེ་ཏོག་གི་སི་ར་བཅུ་གཉིས་ཡོད་ཅིང་། དེ་རུང་ཡུས་ཧྲུའུ་ས་འགུལ་དང་གནོད་སེལ་རྒུད་སྐྱོབ། གནོད་ཤུལ་བསྐྱར་སྐྲུན་ཁྲོད་རྐྱེན་ལམ་དུ་ཤོར་བ་དག་ལ་བཟུང་བའི་གདུང་བ་བཅོལ་ཡོད། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་མངག་བཅོལ་འཕེལ་རྒྱས་དང་འཚོ་བ་སྔར་བས་ཇེ་ལེགས་ནས་ཇེ་ལེགས་སུ་ཡོང་དུ་འཇུག་དགོས་ཞེས་པའི་སྦྱར་ཡིག་དར་དམར་གྱི་རྒྱན་སྤྲས་འོག་འོད་ལམ་ལམ་དུ་སྣང་ལ། དེ་རུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུས་ཧྲུའུ་ཡི་རིགས་སོ་སོའི་མི་དམངས་ལ་བཅངས་པའི་བརྩེ་བ་དང་དོ་ཁུར་འདུས་ཡོད། དུས་རབས་གསར་བ། ཡུས་ཧྲུའུ་གསར། འཚོ་བ་གསར་བ་ཞེསཔའི་རྗེས་དྲན་བྱ་འགུལ་གྱི་བརྗོད་དོན་ལྷག་ཏུ་མངོན་གསལ་ཡིན་ལ། ཡུས་ཧྲུའུ་ཡི་རིགས་སོ་སོའི་མི་དམངས་ཀྱི་དཀའ་སྡུག་ཁྲོད་ཡང་བསྐྱར་འཚོ་བར་རེ་བསྙེག་དང་དྲིན་ཤེས་པར་འབད་འཐབ་བྱེད་པའི་བློ་སྤོབས་མཚོན་ཡོད་ཅིང་། ཚོགས་ར་ཧྲིལ་བོར་བརྗིད་ཉམས་ཀྱི་རྣམ་པས་ཁེངས་ཡོད།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། རྗེས་དྲན་ཚོགས་ཆེན་གྱི་མགོ་བརྩམས། ཡུལ་དངོས་སུ་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ། རྗེས་དྲན་བྱ་འགུལ་ཁྲོད་ཞུགས་པའི་རིགས་སོ་སོ་དང་ལས་རིགས་སོ་སོའི་འཐུས་མི་ཆིག་སྟོང་ཉིས་བརྒྱ་ལྷག་གིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།། དེའི་རྗེས་སུ་ཚང་མ་ཡར་ལངས་ནས་ངག་སྡོམ་མྱ་ངན་ཞུས།

མེ་ཏོག་མཆོད་འབུལ་གྱི་གདོང་དབྱངས་ཀྱི་ཁྲོད་ནས་གུས་དམག་བཅོ་བརྒྱད་ཀྱིས་མེ་ཏོག་སི་ར་དགུ་བཀྱག་ནས་རྗེས་དྲན་རྡོ་རིང་ཕྱོགས་སུ་བསྐྱོད། མེ་ཏོག་སི་ར་དེ་དག་ནི་སོ་སོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས།མཚོ་སྔོན་དུ་སྡོད་པའི་དམག་མི་དང་ཉེན་རྟོག་དམག་དཔུང་། ཡུས་ཧྲུའུ་ཁུལ། རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། དེ་མིན་ལས་ཁུངས། མི་དམངས་ཀྱི་ཚོགས་པ་སོ་སོ་དང་ལས་རིགས་ཁག་སོ་སོའི་མང་ཚོགས། ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བཅས་ནས་ཕུལ་བ་ཡིན། ཝང་ཅན་ཅུན་མེ་ཏོག་སི་རའི་མདུན་དུ་སོང་སྟེ། ཏན་ནན་སྒོས་གོས་ཐག་ལེགས་པོར་བཅོས་ཏེ་རྗེས་དྲན་དང་གུས་སེམས་ཞུས།

དེའི་རྗེས་སུ། ཝང་ཅན་ཅུན་གྱིས་གཏམ་བཤད། ཁོས་བཤད་རྒྱུར། དེ་རིང་ང་ཚོ་འདི་རུ་འཛོམས་ནསཡུས་ཧྲུའུ་ལ་ས་འགུལ་བྱུང་ནང་ལོ་ངོ་བཅུ་འཁོར་བར་ལོ་མཆོད་བྱས་པ་རེད། ས་འགུལ་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་གནོད་སེལ་རྒུད་སྐྱོབ། གནོད་ཤུལ་བསྐྱར་སྐྲུན་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་ཡིན་ལ། གནོད་སེལ་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་སྐྲུན་ཐད་བྱས་རྗེས་གལ་ཆེན་བཞག་པའི་མི་དམངས་དམག་དཔུང་དང་། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་གི་ཁེ་ལས། རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར། ལས་རིགས་ཁག་སོ་སོའི་མི་སྣ་དང་། ཞང་ཀང་། ཨོ་མིན། ཐེ་ཝན་གྱི་སྤུན་ཟླ། རྒྱལ་ཕྱིའི་རིགས་མཐུན་སྤུན་ཟླ། རྒྱལ་སྤྱིའི་གྲོགས་པོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན་ཞིང་། བསྐྱར་སྐྲུན་དང་ཁྱིམ་གཞིས་བརྟན་སྲུང་ཐད་དཀའ་སྤྱད་འབད་བརྩོན་བྱེད་མཁན་གྱི་ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་གུས་འདུད་ཞུས་པ་ཡིན།

ཝང་ཅན་ཅུན་གྱིས་བཤད་རྒྱུར། དེ་རིང་ང་ཚོ་འདི་རུ་ལངས་ནས་རང་བྱུང་ཁམས་ནི་ཚེ་སྲོག་གཞི་གཅིག་ཅན་ཡིན། རང་བྱུང་ཁམས་ཡོད་པ་ནས་མིའི་རིགས་ལ་འཚོ་གནས་ཀྱི་ཁྱིམ་གཞི་ཡོད་པ་དང་། མིའི་རིགས་ཀྱི་མཛེས་པ་ཡོད་ཚད་རང་བྱུང་ཁམས་ནས་ཐོན་པ་ཡིན་ལ། མིའི་རིགས་ཀྱི་གནོད་སྐྱོན་ཡོད་ཚད་ཀྱང་རང་བྱུང་ཁམས་ནས་བྱུང་བ་ཡིན། ས་འགུལ་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་བཟོས་པའི་གནོད་སྐྱོན་ཡིན། གནོད་སྐྱོན་ལ་གདོང་གཏོད་པར་ང་ཚོས་རང་བྱུང་ཁམས་དང་དད་གུས་ལྡན་པར་གླེང་མོལ་བྱ་དགོས། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་གནང་བའི་བསླབ་བྱར་ཉན་དགོས།

རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ཀྱི་གནས་ཚུལ་ལ་བསྟུན་དགོས་ཤིང་། རང་བྱུང་ལ་སྲུང་སྐྱོབ་བྱས་ན། རང་བྱུང་ཁམས་ནི་སྔར་བཞིན་ང་ཚོ་འཚོ་སྡོད་བྱེད་སའི་མཛེས་སྡུག་གི་གཞིས་ཁྱིམ་ཡིན། དེ་རིང་ང་ཚོས་འདི་ནས་ཕྱིར་དྲན་བྱས་ན། སེམས་ལ་དྲིན་གྱིས་ཁེངས་ཡོད།ས་འགུལ་ལ་བརྩེ་བ་མེད་རུང་། མི་ཡུལ་ལ་བརྩེ་བ་ལྡན། ང་ཚོས་དུས་ནམ་ཡང་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན། མེས་རྒྱལ་ཁྱིམ་གཞི་ཆེན་མོའི་བླ་མེད་ཀྱི་དྲོད་ཁོལ་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་བླ་མེད་ཀྱི་གྲུབ་འབྲས་ལ་བཀའ་དྲིན་ཞུ་བཞིན་ཡོད། ང་ཚོས་དུས་ནམ་ཡང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྩེ་བ་སེམས་སུ་བཟུང་ཡོད་ལ། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་སྤྱི་ཚོགས་ལས་རིགས་སོ་སོའི་བླ་མེད་ཀྱི་བློང་གཏོང་བ་ཡང་སེམས་སུ་བཟུང་ཡོད། ང་ཚོས་དྲིན་གཟོའི་སེམས་དང་དྲིན་ལན་མཇལ་བའི་བྱེད་ཐབས་ཀྱིས་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས། བཅོས་སྒྱུར་སྒོ་འབྱེད་དང་མི་དམངས་དམག་དཔུང་། རིགས་སོ་སོའི་མི་དམངས་དང་རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་དྲན་པའི་དུས་རབས་ཀྱི་བསྟོད་གླུ་ལེན་དགོས། དེ་རིང་ང་ཚོས་འདི་ནས་རྒྱང་ལྟ་བྱེད་ཞོར་ལོ་རྒྱུས་ཀྱིས་བསྐྲུན་པའི་ཡུལ་ལྗོངས་འདི་ལ་བསྟོད་བསྔགས་བྱེད། ས་འགུལ་སྐབས་ཀྱི་ཐབས་ཆག་གི་གནས་ཚུལ་ནས་བསྐྱར་སྐྲུན་ཁྲོད་ཀྱི་དཀའ་ངལ་ཁྱད་གསོད། དེ་ནས་གངས་ལྗོངས་སུ་མཁར་གྲོང་གསར་བ་ཞིག་བསྐྲུན་པའི་བར་གྱི་ལོ་ངོ་བཅུའི་ལོ་ཟླ་རིང་མོ་དང་། ལོ་ངོ་བཅུའི་དཀའ་སྤྱད་འབད་བརྩོན་དང་ལོ་ངོ་བཅུའི་འབད་བརྩོན་ལྷོད་མེད་བརྒྱུད་ནས། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ས་མགོའི་མཐོ་ཙད་ཆེས་མཐོ་ཞིང་དཀའ་ཚེགས་ཆེས་ཆེ་བ། ཆ་རྐྱེན་ཆེས་ཞན་པའི་གནོད་ཤུལ་བསྐྱར་སྐྲུན་གྱི་ལས་དོན་འགྲུབ། བསྐྱར་སྐྲུན་བྱ་བས་ང་ཚོར་དཀའ་ཚེགས་ཁྲོད་ཀྱི་གྲུབ་འབྲས་དང་མིའི་རིགས་ཀྱི་དཀའ་ཚེགས་ཚོར་དུ་བཅུག་ལ། ཀྲུང་ཧྭ་མི་རིགས་དཀའ་ངལ་ལ་འཕྲད་དུས་མངོན་པའི་དཀའ་སྤྱད་འབད་བརྩོན་དང་དཔའ་ངར་ཞུམ་མེད་མདུན་བསྐྱོད་ཀྱི་ཡུས་ཧྲུའུ་གནོད་སྐྱོབ་ཀྱི་སྙིང་སྟོབས་ཚོར་དུ་བཅུག འདི་ནི་ང་ཚོ་དུས་རབས་གསར་བར་བསྐྱོད་པའི་ཆེས་རིན་ཐང་བྲལ་བའི་གཅེས་ནོར་ཡིན། དེ་རིང་ང་ཚོས་འདི་ནས་བློ་རྒྱ་གྲོལ་ཏེ་བསམ་གཞིགས་རེ་བཏང་ན། སང་ཉིན་གྱི་ཡུས་ཧྲུའུ་ནི་སྔར་ལས་འོད་སྟོང་ལྡན་པ་ཞིག་ཡིན་ངེས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས། འཕེལ་རྒྱས་སྔར་ལས་ཇེ་ལེགས་སུ་བཏང་ནས། འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་པ་བསྟན། དུས་རབས་གསར་བའི་བགྲོད་ལམ་ཆེན་མོའི་སྟེང་བསྐྱོད་ཚེ། ཡུས་ཧྲུའུ་ཡི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་ཞིང་ཆེན་ཡོངས་ནི་སེའུ་འབྲུ་བཞིན་མཉམ་འདུས་བྱས་ཏེ། ཁྱོན་ཡོངས་ནས་གཟབ་ནན་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་དང་། བཞི་ལྔའི་འཐབ་ཇུས་ལག་བསྟར་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་དང་། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན། ཁྱོན་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་བརྒྱ་ལོ་དང་པོའི་དམིགས་འབེན་གྱི་ཕྱོགས་སུ་མདུན་བསྐྱོད་བྱས་ནས། མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་འགྲུབ་པར་མཚོ་སྔོན་གྱི་ལེའུ་འབྲི་བཞིན་ཡོད།

ཝང་ཅན་ཅུན་གྱིས་མཇུག་མཐར་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཐུགས་ཁུར་རྒྱབ་སྐྱོར་འོག ཡུས་ཧྲུའུ་ཡི་མ་འོངས་པ་དང་མངོན་གྱི་མ་འོངས་པ་སྔར་ལས་འོད་སྟོང་ལྡན་པར་ཡིད་ཆེས་བརྟན་པོ་ཡོད།

ལིག་ཉིན་གྱིས་མགོ་འཛིན་གཏམ་བཤད་ཁྲོད་བཤད་རྒྱུར། ལོ་ངོ་བཅུ་ཡི་ཡར་སྔོན་གྱི་དེ་རིང་གི་ཉིན་འདིར། ལོ་ངོ་བཅུ་ཡི་ཡར་སྔོན་གྱི་དེ་རིང་གི་ཉིན་འདིར། ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་འགུལ་ཆེན་པོས་ཡུས་ཧྲུའུ་མི་དམངས་ལ་རྨ་ཁ་ཆེན་པོ་བཟོས་པས། མཚོ་སྔོན་གྱི་ལོ་རྒྱུས་ཟིན་ཐོར་བཀོད་པའི་ཚུན་ལ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཆེས་མང་པ་དང་། དཔལ་འབྱོར་གྱོང་གུད་ཆེས་ཆེ་བའི་གནོད་འཚེ་ཞིག་རེད། ས་འགུལ་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགོ་ཁྲིད་བརྟན་པོའི་འོག་དང་། མི་དམངས་དམག་དཔུང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་། དེ་མིན་པེ་ཅིན་གྲོང་ཁྱེར་དང་ལའོ་ཉིན་ཞིང་ཆེན། ཀྲུང་གོ་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཀྲུང་གོ་ལྕགས་ལམ་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་རོགས་སྐྱོར་ས་ཁུལ་དང་ཀྲུང་དབྱང་ཁེ་ལས། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཡུས་ཧྲུའུ་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྡོག་རྩ་གཅིག་སྒྲིལ་དང་།དཀའ་བ་ཁྱད་བསད་ཀྱིས་གནོད་སེལ་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་སྐྲུན་གྱི་རླབས་ཆེན་རྒྱལ་ཁ་བླངས།

ཚེས་བཅུ་བཞི་ཉིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། གཅིག་གྱུར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པར་སྐུལ་འདེད་བྱེད་པའི་གནད་འགག་གི་དུས་སྐབས་འདིར། ང་ཚོས་འདི་རུ་ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་ལ་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་བསྡུས་ཏེ། བྱ་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་གནོད་སེལ་རྒུད་སྐྱོབ། དེ་མིན་གནོད་ཤུལ་བསྐྱར་སྐྲུན་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་ལ་རྗེས་དྲན་ཞུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་ཀྱི་བཀའ་དྲིན་དང་བརྩེ་བ་མཚོན་པར་བྱས་པ་དང་། ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་ཀྱི་དགོངས་དོན་དར་སྤེལ་དང་ཧུར་ཐག་གིས་རང་བྱུང་ལ་བརྩི་འཇོག་དང་། དྲིན་ཤེས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས།

ཐེངས་འདིའི་རྗེས་དྲན་ཚོགས་ཆེན་ནི་འདས་པའི་ལོ་ཟླར་ཕྱིར་དྲན་དང་། སྔར་ལས་མཛེས་པའི་མ་འོངས་པའི་རེ་བ་བཅོལ་བ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་འོག་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཕྱོགས་སོ་སོའི་རྒྱབ་སྐྱོར་ཆེན་པོ་དང་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཐུན་མོང་གི་འབད་པ་འོག ཡུས་ཧྲུའུ་མུ་མཐུད་དུ་དྲིན་གཟོ་མདུན་སྐྱོད་དང་ཡུས་ཧྲུའུ་ལ་མཛེས་སྡུག་གི་མེ་ཏོག་རྣམ་པར་བཞད་དེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཡུས་ཧྲུའུ་སྔར་ལས་བདེ་སྐྱིད་དང་། མཛེས་སྡུག་ལྡན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཡང་ཧྥུན་ཁྲོན་གྱིས་རྒྱལ་ཁབ་ཁྲལ་སྒྲུབ་དོ་དམ་པུའུ་དང་། རྒྱལ་ཁབ་ས་འགུལ་ཅུའུ་ཡི་འཕྲིན་ཡིག་སྒྲོག་འདོན་བྱས་པ་དང་། ཡུས་ཧྲུའུ་ཁུལ་ཏང་ཨུ་དང་རོགས་སྐྲུན་ཁེ་ལས། ཡུས་ཧྲུའུ་མི་དམངས་ཀྱི་འཐུས་མིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་དང་ཝང་ཡུས་ཡན། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་ཡང་ཁི་ཞང་། འབུམ་སྡེ་ཆེན་མོ་དོན་དྲུག་འབུམ་དཔོན་གཞོན་པ་ཀུའུ་ཀྲུང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལིས་ཙད་ཡོན་བཅས་བྱ་འགུལ་སྟེང་ཞུགས། རྗེས་དྲན་ཚོགས་ཆེན་སྔོན་ལ་ཞིང་ཆེན་མགོ་ཁྲིད་ཐུན་མོང་གིས་ཡུས་ཧྲུའུ་གནོད་ཤུལ་བསྐྱར་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས།