ཡུས་ཧྲུའུ་ཁུལ་གྱིས་དཔྱིད་དུས་ཀྱི་གསུམ་གཅིག་ལྔའི་དྲིལ་སྒྲོག་ཞབས་ཞུ་བྱ་འགུལ་སྤེལ།
2020.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 132

ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། ཡུས་ཧྲུའུ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྱེད་དང་ང་ཡི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞེས་པ་བརྗོད་དོན་དུ་བྱས་ནས། དཔྱིད་དུས་ཀྱི་གསུམ་གཅིག་ལྔའི་དྲིལ་སྒྲོག་ཞབས་ཞུ་བྱ་འགུལ་སྤེལ། བརྗོད་དོན་དྲིལ་སྒྲོག་དང་གཟེངས་བསྟོད་བྱེད་པ། ཁྲིམས་འཛིན་ཞིབ་བཤེར། འཛད་སྤྱོད་ལྟ་ཞིབ། གཅིག་བསྡུས་སྲེག་བརླག ཆེད་དོན་བཞུགས་མོལ་སོགས་བྱ་འགུལ་སྤེལ་བ་བརྒྱུད་དེ། འཛད་སྤྱོད་ཐད་ཀྱི་དཀའ་གནད་ལ་དོ་སྣང་བྱས་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུས་ལ། ཁེ་དབང་སྲུང་སྐྱོབ་ཀྱི་མཉམ་ཤུགས་གྲུབ་པར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་འཛད་སྤྱོད་ཁོར་ཡུག་ལེགས་བསྒྱུར་བྱེད་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས།

ཡུས་ཧྲུའུ་ཁུལ་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་དང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དམངས་ཚིས་དང་སྨན་བཅོས། བདེ་འཇགས། དངུལ་རྩ། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་དང་ལས་དོན་སྡེ་ཁག་ཞེ་གསུམ་རྩ་འཛུགས་བྱས་ནས་ཁམས་པའི་སྒྱུ་རྩལ་ལྟེ་གནས་ཐང་ཆེན་ནས་མཉམ་དུ་དྲིལ་སྒྲོག་ཁྲོད་ཞུགས། ཡུལ་དངོས་ནས་རང་ས་གནས་ཀྱི་རབ་མཛེས་མཚོ་སྔོན་དང་སེམས་བདེ་མོས་འཛད་སྤྱོད་བྱེད་པའི་དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་འཛད་སྤྱོད་ཁེ་སྲུང་མི་སྣ། ཡིད་རྟོན་དཔེ་སྟོན་ཁེ་ལས། ཡིད་རྟོན་དཔེ་སྟོན་ཚོང་གཉེར་པ། བཟའ་བཏུང་ལས་རིགས་ཀྱི་ཡིད་རྟོན་དཔེ་སྟོན་ཟ་ཁང་། རིམས་ནད་བྱུང་བའི་སྐབས་ཀྱི་དངོས་ཟོག་ཞལ་འདེབས་ཕུལ་པའི་རིམས་འགོག་ཁེ་ལས་བཅས་ལ་བྱང་བུ་བྱིན། བྱ་འགུལ་ཡུལ་དངོས་སུ་ཟས་རིགས་དང་ཆང་དུ། སྨན་རྫས། ཚད་འཇལ་སོགས་རིགས་མི་འདྲ་བའི་ཚོང་རྫས་རྫུན་དངོས་དབྱེ་འབྱེད་ཁུལ་དང་མང་ཚོགས་བློ་འདྲི་སྟེགས་བུ། འཛད་སྤྱོད་པའི་ཞུ་གཏུག་བྱེད་ས་བཙུགས་ནས། ཡིག་ཆ་བཀྲམས་པ་དང་བློ་འདྲི་དང་ལེན་བྱེད་པ། དངོས་རྫུན་ཞིབ་བསྡུར། འཛད་སྤྱོད་མཛུབ་སྟོན་སོགས་རྣམ་པ་སྣ་མང་བརྒྱུད་དེ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་དང་ཐོན་རྫས་སྤུས་ཚད་བཅའ་ཁྲིམས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་སོགས་ཁྲིམས་སྲོལ་དྲིལ་སྒྲོག་རྒྱ་ཆེར་བྱས།

བྱ་འགུལ་སྤེལ་བའི་ཉིན་མོར། ཁུལ་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཚོང་རྫས་རྫུན་མ་ཏུན་སོ་ལྔ་སྲེག་བརླག་བྱས་པ་དང་། བསྡོམས་པས་དྲིལ་སྒྲོག་ལག་དེབ་ཁྲི་ལྔ་དང་སྟོང་དགུ་བདུན་བརྒྱ་ལྷག་བཀྲམས་ལ། འཕྲེད་བྱང་བརྒྱ་དང་ཞེ་བརྒྱད་བཀེལ་བ་དང་། འགྲེམ་སྟོན་པང་ལེབ་དོན་གཉིས་འགྲེམ་སྟོན་བྱས་པམ་ཟད། བློ་འདྲི་བ་མི་གྲངས་ཁྲི་གཅིག་ལྷག་དང་ལེན་བྱས་ཏེ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་འདུ་ཤེས་དང་ཚོང་གཉེར་པའི་ཡིད་རྟོན་འདུ་ཤེས་མཐོར་འདེགས་བཏང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་སུ་བདེ་འཇགས་འཛད་སྤྱོད་དང་སེམས་བདེ་འཛད་སྤྱོད་ཀྱི་སྣང་ཚུལ་བཟང་བོ་བསྐྲུན།