​ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་ཚོགས་མགོ་བརྩམས།
2021.01.29 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 53

དེ་རིང་སྔ་དྲོར། ཀྲུང་གོ་མི་དམངས་སྲིད་གྲོས་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས།

རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

ནན་གྱིས་སྙན་ཞུར་ཉན་བཞིན་པ།

ནན་གྱིས་སྙན་ཞུར་ཉན་བཞིན་པ།


ཀྲུང་གོ་མི་དམངས་སྲིད་གྲོས་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དེ་རིང་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས་མགོ་བརྩམས།

ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་དྲུག་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་ང་གཉིས་ཚོགས་ཐོག་ཏུ་འབྱོར་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་དང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཝང་ཞའོ་ཡུང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།

ཝང་ཅན་ཅུན་དང་། ཞིན་ཁྲང་ཞིང་། པད་མ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཁྲིན་རོས་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མིང་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ནས། ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས།

ཚོགས་འདུའི་སྟེང་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་ཐོག་མར་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པའི་གནད་འགག་གི་ལོ་ཡིན་ལ། སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་བསྡུས་ནས། དུས་རབས་གསར་བར་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་འཕེལ་རྒྱས་ལ་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་པ་དང་སྒུལ་ཤུགས་གསར་བ་བསྣན། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཏུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བྱ་བ་ཡོངས་ཀྱི་ཐད་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་དམིགས་ནས། འགན་ནུས་ལག་བསྟར་ནན་མོ་དང་ལྟ་བ་རྒྱ་ཆེར་གཅིག་སྡུད་བྱས་པས། བྱ་བ་སྣ་ཚོགས་ལ་ཕན་འབྲས་གསར་བ་ཐོབ་སྟེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་འགྲུབ་པར་བྱེད་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་གིས་ལག་བསྟར་བྱེད་པ། མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་གི་བྱ་བར་སྤྱི་སྡོམ་ཡོངས་སུ་ཚང་བ་བྱས། ཁོས་བཤད་རྒྱུར། ལོ་གཅིག་གི་རིང་ལ། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་འབུར་དུ་ཐོན་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གསར་ཤོས་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སོགས་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཆུད་པར་བྱས་པ་དང་། དཔེ་ཀློག་བྱ་འགུལ་སྤེལ་བ་དང་སློབ་སྦྱོང་གྲོས་བསྡུར་གཏིང་ཟབ་ཏུ་སྤེལ་བས། ཐུང་མོང་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་། གྲོས་མོལ་གྱི་ལས་གཙོ་བོར་དམ་དུ་དམིགས་ནས། མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་གྲོས་དོན་གཙོ་གནད་དུ་བཟུང་ནས་གྲོས་མོལ་བྱས་པས། གྲོས་མོལ་གྲུབ་འབྲས་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་མཆན་བཀོད་ཐེངས་སོ་བདུན་བྱས་ལ། དེ་འབྲེལ་གྱི་གྲོས་མོལ་ལས་དོན་གཙོ་བོར་རྒྱལ་ཡོངས་སྲིད་གྲོས་མགོ་ཁྲིད་ཀྱིས་ཁས་ལེན་ཐོབ་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་སྔར་ལས་ཆེན་པོ་བཏོན། ཐུན་མོང་གི་ལྟ་བ་གཅིག་ཏུ་འགྲིལ་བ་འབུར་དུ་ཐོན་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྟོབས་ཤུགས་གང་ཡོད་བཏོན་ནས་པྲོག་གསར་གློ་ཚད་འགོག་སྡོམ་ཐད་ཞུགས་པར་རྩ་འཛུགས་ཁྲིད་སྟོན་བྱས་པ་དང་། བརྗོད་དོན་+འགན་སྒྲུབ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྲིད་གྲོས་སྟེགས་བུའི་སྟེང་ནས་བྱེད་ནུས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ཁྱད་པར་ཅན་འདོན་སྤེལ་བྱས་ལ། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་དགེ་མཚན་ནུས་པ་སྣ་གཉིས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་སློང་དང་ཁྲིད་སྟོན་བྱས་པས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་དགེ་མཚན་སྔར་ལས་མངོན་གསལ་དུ་ཕྱིན། དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། གནད་འགག་ལས་རིམ་ལ་དམིགས་ཏེ་སྒྲིག་སྲོལ་དང་ལམ་ལུགས་བཙུགས་པ་དང་། ལྟ་བ་གཅིག་སྡུད་ལ་ཤུགས་སྣོན་དང་ཡར་སྐུལ་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བ་མཐོར་འདེགས་སུ་གཏོང་བ། གྲོས་མོལ་སྲིད་གླེང་གི་སྤུས་ཚད་ཇེ་མཐོར་གཏོང་བ་སོགས་ལམ་ལུགས་བརྒྱད་གཏན་འབེབས་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་བྱ་བའི་གྲོས་ཚོགས་ཐོག་མ་བསྡུས་ཏེ། སྲིད་གྲོས་ཀྱི་གྲུབ་འབྲས་སྔར་ལས་དངོས་འབེབས་བྱེད་པའི་ཚོད་ལྟའི་བྱ་བ་བསྒྲུབས་པ་དང་། གྲོས་མོལ་གྲུབ་འབྲས་གལ་ཆེན་ཡོངས་བསྒྲགས་ཀྱི་ལམ་ལུགས་གསར་གཏོད་རང་བཞིན་གྱིས་བཙུགས་པས། སྲིད་གྲོས་བྱ་བ་སྔར་ལས་སྤུས་ཚད་ཅན་དང་ཕན་འབྲས་ཅན་དུ་གྱུར། ཏང་གི་མགོ་ཁྲིད་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་པ་དང་། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་ལ་ཚོད་འཛིན་དང་སྤྱི་ཡོངས་ལ་དོ་དམ། དངོས་འབེབས་ལ་འགན་ལེན་བཅས་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པས། ཞིང་ཆེན་ཡོངས་སུ་ཏང་ཨུས་གཙིགས་ཆེན་དང་སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་རང་རྟོགས། ཕྱོགས་ཚང་མས་མཉམ་ཞུགས་གཞོགས་འདེགས་བཅས་བྱེད་པའི་སྲིད་གྲོས་བྱ་བའི་མཉམ་ཤུགས་གྲུབ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་གཏིང་ཟབ་ཏུ་བཏང་ནས། ལས་ཁུངས་ཀྱི་སྤྱོད་ལམ་ཐད་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་རྨང་རྐང་བརྟན་པོའི་ངང་སྤེལ་བས། ཆབ་སྲིད་རྩ་འཛུགས་དང་ཆབ་སྲིད་ལས་ཁུངས་ཀྱི་སྣང་བརྙན་སྔར་ལས་ཇེ་ལེགས་སུ་ཕྱིན།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་བ་འབྱེད་པའི་ལོ་དང་པོ་ཡང་ཡིན་པས། མི་དམངས་སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ནན་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་དང་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཉིས་འབུར་དུ་ཐོན་པར་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་ཏུ་སྤེལ་བ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ནས། མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་བ་ཁྱོན་ཡོངས་ནས་འབྱེད་པ་དང་། འགོ་ཚུགས་ས་གསར་བའི་སྟེང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ནང་ད་ལོའི་བྱ་བ་གཙོ་བོ་ལྔ་བཏོན། གཅིག་ནས་བློ་བརྟན་འགྱུར་མེད་ཀྱིས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཧུར་ཐག་གིས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་སུ་བཏང་སྟེ། སྲིད་གྲོས་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་ནམ་ཡང་ཁོང་དུ་ཆུད་པར་བྱེད་དགོས། གཉིས་ནས་ཞིང་ཆེན་ཡོངས་ཀྱི་བྱ་བ་ཧྲིལ་པོར་གཞིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ལས་རྣམ་གསར་བ་དང་ཐོན་ལས་གསར་བ། མ་དཔེ་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་ཡུལ་སྐོར་མཉམ་བསྲེས་ཀྱིས་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་སྒྱུར་སོགས་བྱ་བ་གཙོ་བོར་དམིགས་ནས་རྟོག་ཞིབ་གྲོས་མོལ་གཏིང་ཟབ་ཏུ་སྤེལ་དགོས། གསུམ་ནས་སེམས་ཤུགས་གཅིག་ཏུ་སྒྲིལ་བའི་བྱ་བ་ནན་མོར་བསྒྲུབ་པ་དང་། ལས་རིགས་སོ་སོའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ། མཐུན་སྒྲིལ་མནའ་མཐུན་རྒྱ་ཆེར་སྤེལ་ནས། མཉམ་ལས་མཉམ་སྒྲུབ་གཏིང་ཟབ་ཏུ་སྤེལ་དགོས། བཞི་ནས་སྲིད་གྲོས་བྱ་བའི་སྤུས་འདེགས་ནུས་སྤེལ་རྒྱུན་མཐུད་ངང་སྤེལ་བ་དང་། གྲོས་མོལ་སྲིད་གླེང་གི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། འགན་སྒྲུབ་ནུས་པ་དང་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། ལྔ་ནས་ཏང་གི་སྲིད་གྲོས་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག་རང་འགུལ་གྱིས་འགན་ཁུར་བ་དང་། མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྤེལ་བར་ནམ་ཡང་ཁག་ཐེག་བྱས་ཏེ། ཧུར་ཐག་གིས་སྲིད་གྲོས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཀྲང་ཧྲིག་ཁྲིན་གྱིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་གྲོས་གཞི་བཏོན་པའི་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་སུ་ཞུགས་པའི་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་བསྡོམས་པས་གྲོས་གཞི་སུམ་བརྒྱ་དང་གྱ་གསུམ་བཏོན་པ་དང་། གྲོས་གཞི་ཉིས་བརྒྱ་དང་གྱ་གཅིག་ལ་ཞིབ་བཤེར་ཐོ་འགོད་བྱས་ཤིང་ཐོ་འགོད་བྱས་ཚད་བརྒྱ་ཆའི་དོན་གསུམ་དང་གྲངས་ཆུང་བཞི་ལ་སླེབས། མིག་སྔའི་བར་དུ་གྲོས་གཞི་ཡོད་ཚད་དུས་ལྟར་ཐག་གཅོད་བྱས་ཡོད་ཟེར།

ཀྲང་ཀོང་རོང་དང་མ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིའུ་ཐུང་ཏི། ཁོང་ཡུང་། དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐོ། དབྱང་ཀྲི་ཝུན། ཀྲང་ཙིག་ཅུན། མིན་ཡུང་ཧྲན། མ་ཀྲི་ཝེ། ལིས་ཙེ་ཡོན། དབྱང་ཁི་ཞང་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་ཡོད།

ཡིག་སྒྱུར་བ། ཕྱུག་ལོ། བཀྲ་ཤིས་འབུམ། རིན་ཆེན་མཚོ། བན་དེ་སྐྱབས།