ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་འཚོགས་མགོ་བརྩམས།
2021.01.30 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 143

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་རིང་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་རིང་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཚོགས་རའི་ཟུར་ཞིག

འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ།

འཐུས་མིས་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་བཞིན་པ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་རིང་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

གྲོས་ཚོགས་ལ་འཐུས་མི་སུམ་བརྒྱ་དང་གྱ་གཅིག་ཞུགས་དགོས་པ་དང་། འཐུས་མི་སུམ་བརྒྱ་དང་དོན་གཉིས་དངོས་སུ་ཚོགས་ཐོག་ཏུ་འབྱོར་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པ་དང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་འཚོགས་མགོ་བརྩམས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

ཞིན་ཁྲང་ཞིང་དང་། རྡོ་རྗེ་རབ་བརྟན། པད་མ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཁྲིན་རོས་ཧྥིན། ལིའུ་ཀི་ཕིང་། ཝང་ལིས་མིང་བཅས་དང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

ཞིན་ཁྲང་ཞིང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་བསྡོམས་པས་ཁག་བཞི་རུ་བགོས་ཡོད་དེ། གཅིག ཉིས་སྟོང་ཉི་ཤུ་ལོ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་བྱ་བའི་སྤྱི་སྡོམ། གཉིས། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དམིགས་འབེན་ལས་འགན་གཙོ་བོ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན། གསུམ། ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་ལས་འགན་གཙོ་བོ། བཞི། སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་རེད།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ངལ་འགྲན་རྩོད་མང་བོར་གདོང་གཏད་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་བཅས་ཀྱི་མགོ་ཁྲིད་བརྟན་པོའི་འོག དཀའ་ངལ་སེལ་ཏེ་འབད་བརྩོན་དང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས་ལ། འགན་སྲུང་དྲུག་གི་ལས་འགན་ཡོངས་སུ་དོན་འཁྱོལ་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་སུ་འགྲུབ་པར་བྱས་ནས། སྤྱིར་བཏང་མིན་ལ་དམིགས་བསལ་གྱི་ཉམས་སད་ཐེག་པའི་ལོ་ལ་དྲིས་ལན་བཟང་བོ་ཞིག་སྤྲད་ཡོད། ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་གཅིག་དང་གྲངས་ཆུང་ལྔ་འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་སྤྱི་ཐུན་སྔོན་རྩིས་ཡོང་སྒོ་བརྒྱ་ཆའི་ལྔ་དང་གྲངས་ཆུང་དྲུག་འཕར་ལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་བརྒྱ་ཆའི་དྲུག་དང་གྲངས་ཆུང་གསུམ་འཕར་ཞིང་། མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་ཡིན་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས་འཕར་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་དྲུག་ཏུ་ཚོད་འཛིན་བྱས་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་གཅིག་གི་རིང་ལ། གཙོ་བོ་གཤམ་གྱི་བྱ་བ་དག་བསྒྲུབས་ཡོད་དེ། རིམས་འགོག་འཐབ་རྩོད་སྟོབས་ཤུགས་ཡོད་རྒུས་སྤེལ་བ་དང་། དཔལ་འབྱོར་སྒྲིག་ལམ་སྔོན་ལ་སླར་གསོ་བྱས་ཤིང་། དབུལ་ཐར་གྲུབ་འབྲས་བསྟུད་མར་སྲ་བརྟན་དུ་བཏང་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་ཧུར་ཐག་གིས་སྐྱེད་སྲིང་བྱས་ལ། དམངས་ཚིས་བདེ་སྐྱིད་རྒྱུན་མ་ཆད་པར་ཇེ་ཆེར་བཏང་བ་སོགས། ཉིས་སྟོང་ཉི་ཤུའི་ལོ་མགོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་དམ་བཅས་པའི་རིགས་བཅུ་དང་སྣ་ཞེ་གཅིག་གི་དམངས་ཚིས་དོན་དངོས་བཟོ་སྐྲུན་རྣམས་ཡོངས་སུ་ལག་ལེན་དུ་བསྟར་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་གྲུབ་འབྲས་ནི་སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་དཀའ་སྤྱད་འབད་འཐབ་བྱས་པའི་རྨང་གཞི་བརྟན་པོའི་སྟེང་དུ་དཀའ་སྤྱད་སྡུག་རུས་དང་བྱ་བ་ནན་སྒྲུབ་བྱས་ཏེ་བླངས་པ་ཡིན་ལ། གྲུབ་འབྲས་བླངས་པ་ལས་ལོ་ལྔའི་འཆར་འགོད་བཅུ་གསུམ་པར་རྫོགས་ཚིག་བཟང་བོ་བཀོད། འདས་པའི་ལོ་ལྔའི་བཞུད་ལམ་ལ་ཕྱིར་ལྟ་བྱས་ན། ང་ཚོས་ཆེས་བརྗེད་དུ་མེད་པའི་དྲིན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོར་སྐུ་དངོས་སུ་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ། ང་ཚོར་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པའི་ཇུས་གཞི་བཟང་བོ་བཀོད་པ་དེ་རེད། ལོ་ལྔའི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་འཁེལ་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལྟར་དུ། བབ་བསྟུན་མདུན་སྐྱོད་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་ལྔའི་རིང་ལ། ང་ཚོས་ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་བཏང་བས། ཕྱོགས་བསྡུས་སྟོབས་ཤུགས་གསར་དུ་མཆོང་སྐྱོད་ཀྱིས་དར་བ་དང་། མཁྲེགས་གཏོར་འཐབ་འཛིང་ཆེན་པོ་གསུམ་སྟོབས་ཤུགས་ཡོད་རྒུས་སྤེལ་བས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་ཉེ་ལ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་སྲ་བརྟན་དུ་སོང་ཡོད། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ཧུར་ཐག་གིས་ཡོངས་སུ་གསབ་པས་ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་སྟངས་སྔར་ལས་དོ་མཉམ་དང་མཐུན་སྦྱོར་བྱུང་ཡོད་པ་དང་། ཐོག་མཐའ་བར་གསུམ་ཀུན་ཏུ་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་ཀྱི་གོམ་སྟབས་མ་ལྷོད་པས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྟུད་མར་ཇེ་ཆེར་སོང་ཡོད་ལ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱས་པས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་སོང་ཡོད་ཅིང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་བ་དང་གསར་གཏོད་བྱས་པས། སྤྱི་ཚོགས་ཧྲིལ་པོ་འཆམ་མཐུན་གཏན་འཇགས་བྱུང་ཡོད་པ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་བར་བསྟུད་མར་སྐུལ་འདེད་བཏང་བས། སྲིད་སྐྱོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་སོང་ཡོད་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་ལྔའི་འབད་བརྩོན་ལ་བརྟེན་ནས་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་མགོ་ཚུགས་ས་གསར་བ་ཞིག་ཏུ་སླེབས་ཡོད། ལོ་ལྔའི་རིང་ངལ་བ་ཁྱད་སེལ་དང་མདུན་སྐྱོད་ལྷོད་མེད་བྱས་པའི་འབད་འཐབ་བརྒྱུད་རིམ་ལ་ཕྱིར་ལྟ་བྱས་ཚེ། ང་ཚོར་གཙོ་འཛིན་གྱི་དགོངས་པ་ནི་སྤོབས་པས་མདུན་སྐྱོད་བྱེད་པའི་གཞི་རྩའི་མཛུབ་སྟོན་ཡིན་པ་དང་། ཏང་གི་མགོ་ཁྲིད་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བར་བྱེད་པའི་འགན་སྲུང་སྟོབས་ཅན་ཡིན་ལ། མི་དམངས་བླ་ན་མེད་པ་ནི་བྱ་བ་ཡོད་ཚད་ཀྱི་རིན་ཐང་དམིགས་ཕྱོགས་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ནི་འདོར་ཐབས་མེད་པའི་འོས་འགན་ཆེན་པོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་དར་རྒྱས་གོང་འཕེལ་གྱི་རྨང་རྡོ་གལ་ཆེན་ཡིན་ལ། མཚོ་སྔོན་གསར་པའི་སྙིང་སྟོབས་ནི་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་སྒུལ་ཤུགས་འཛད་མེད་ཡིན་པ་བཅས་ཀྱི་ཐུན་མོང་གི་མྱོང་ཚོར་ཐོབ་ཐུབ་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ནི་རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་འགྲུབ་པར་བྱས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འབྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐོག་མའི་ལོ་ལྔ་ཡིན། ང་ཚོས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་སྒྲིག་བཟོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་སྤྱིའི་བཀོད་སྒྲིག དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་གཏན་འཁེལ་གསལ་བོ་བྱས་ནས། འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཆེན་མོ་དང་ལས་གཞི་ཆེན་མོ། བཅོས་སྒྱུར་ཆེན་མོ་བཅས་རབ་དང་རིམ་པ་བཏོན་ཡོད་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་ཚད་རྒྱུན་མ་ཆད་པར་ཇེ་མགྱོགས་སུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ས་གནས་བཅོས་སྐྱོང་གི་ཕན་ནུས་ལེགས་སྒྱུར་མཐོར་འདེགས་བྱེད་པ་བཅས་ཕྱོགས་དྲུག་འབུར་དུ་ཐོན་པར་བྱས་ཡོད། ཉིས་སྟོང་སོ་ལྔ་ལོའི་བར། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཚན་རྩལ་དངོས་ཤུགས་ལྡབ་འགྱུར་གྱིས་ཇེ་མཐོར་གཏོང་བ་དང་། དཔལ་འབྱོར་གྱི་སྤྱི་གྲངས་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་པ། ཡོང་འབབ་འབྲིང་ཙམ་གྱི་མང་ཚོགས་མངོན་གསལ་གྱིས་ཇེ་མང་དུ་གཏོང་བ་དང་། གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་མངོན་འགྱུར་གཏོང་བ་བཅས་བྱ་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་རྒྱུ་མ་ཟད་ཐཱན་ཉུང་འདོན་གྱི་ཚད་གཞི་མངོན་འགྱུར་བྱ་དགོས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་ཕལ་ཆེར་མངོན་འགྱུར་བྱས་ཏེ་གསར་གཏོད་རང་བཞིན་གྱི་ཞིང་ཆེན་གྱི་གྲས་སུ་ཚུད་པར་བྱས་ནས། མཚོ་སྔོན་གྱི་ཐོན་ཁུངས་ཁྱད་སྟོབས་དང་ཐོན་ལས་ཁྱད་ཆོས་མངོན་པར་མཚོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་དགོས། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕལ་ཆེར་བཙུགས་ཏེ། བདེ་འཇགས་མཚོ་སྔོན་གྱི་འཛུགས་སྐྲུན་དེ་ཆུ་ཚད་སྔར་ལས་མཐོན་པོར་བསླེབ་པ་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བར་འཚམ་པའི་ལམ་ལུགས་མ་ལག་ཆགས་པར་བྱ་དགོས། སྤྱི་ཚོགས་དཔལ་ཡོན་གྱི་ཚད་སྔར་ལས་ཇེ་མཐོར་བཏང་ནས། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་འགྱུར་བར་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པར་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱ་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འབྱེད་པའི་ལོ་དང་པོ་ཡིན་ཞིང་། ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་པས། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་སྤྱིའི་རེ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ། དེ་མིན་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་ཟབ་མོ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པ་བཅས་བྱས་ཏེ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་སྲོག་ཤིང་དུ་བྱེད་པ། བཅོས་སྒྱུར་གསར་གཏོད་དེ་གཞི་རྩའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་བདེ་སྐྱིད་འཚོ་བའི་དགོས་མཁོ་བསྐང་བ་གཞི་རྩའི་དམིགས་འབེན་དུ་བྱེད་པ་བཅས་ཀྱི་སྒོ་ནས། མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་གྱིས་བཀོད་འདོམ་བྱེད་པ། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེ་ཕྱོགས་སྲིད་ཇུས་ཚན་རིག་དང་གནད་ཁེལ་གྱིས་དོན་འཁྱོལ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་ནས་དཔེ་སྟོན་གྱི་ཞིང་ཆེན་ལྔ་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་གྱི་རྣམ་པ་བཞི་གསོ་སྤེལ་བྱས་ནས། ཧུར་ཐག་སྒོས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱེད་པ་དང་། ནང་མཁོའི་འཐབ་ཇུས་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་འཐབ་ཇུས་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་མགོ་ལེགས་པར་རྩོམ་པར་འགན་སྲུང་བྱས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་ཡིན་ཟེར།

2021ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་གླེང་སྐབས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་དྲུག་གི་ཡན་དུ་བསླེབ་པར་བྱེད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་བརྒྱ་ཆའི་དྲུག་ཡས་མས་འཕར་བར་བྱེད་རྒྱུ། གྲོང་གསེབ་ཀྱི་ལས་ཞུགས་མི་སྣ་ཁྲི་དྲུག་ཡན་དུ་འཕར་བར་བྱེད་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་ས་ཡ་གཅིག་དང་འབུམ་ལྔ་ཕྱིར་མངག་ནས་ལས་ཞུགས་བྱེད་ཐུབ་པར་བྱེད་པ། མཁར་གྲོང་གི་བརྟག་བཤེར་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་དང་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་མན་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་གཉིས་མཉམ་དུ་འཕར་སྣོན་འབྱུང་བར་བྱེད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གསུམ་ཡས་མས་འཕར་བར་བྱེད་རྒྱུ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གྱ་བརྒྱད་ཡན་དུ་སྲུང་འཛིན་བྱེད་པ་དང་། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན་གཙོ་བོ་དང་། རྫ་ཆུའི་ཆུའི་སྤུས་ཚད་རིགས་གཉིས་པའི་ཡན་དུ་སྲུང་འཛིན་བྱེད་པ། ཙོང་ཆུའི་ཞིང་ཆེན་ཕྱིའི་བཞུར་རྒྱུད་ཀྱི་ཆུའི་སྤུས་ཚད་རིགས་གསུམ་པར་བསླེབ་པར་བྱེད་པ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་། བཙོག་རྫས་ཕྱིར་འདོན་ཚད་བཅས་རྒྱལ་ཁབ་ཀྱི་གཏན་ཁེལ་དམིགས་ཚད་དུ་ཚོད་འཛིན་བྱེད་རྒྱུ། འབྲུ་རིགས་སྤྱིའི་ཐོན་ཚད་ཏུན་ས་ཡ་གཅིག་དང་ཁྲི་བདུན་ཡན་དུ་རྒྱུན་འཁྱོངས་བྱེད་རྒྱུ་བཅས་ཡིན་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། གོང་གི་དམིགས་འབེན་མངོན་འགྱུར་བྱེད་ན། གཤམ་གྱི་ཕྱོགས་བརྒྱད་ཀྱི་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས་ཏེ། གཅིག་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མ་དཔེ་གསར་བ་བསྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་པ། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། གཉིས་ནས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། དངུལ་གཏོང་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ། འཛད་སྤྱོད་བརྟན་བརླིང་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། ཕྱི་དངུལ་དང་ཕྱི་ཚོང་གཏན་འཇགས་སུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གྲུབ་པར་བྱེད་པ་དང་། སྐྱེ་ཁམས་དཔལ་འབྱོར་དར་རྒྱས་སུ་གཏོང་བ། འཁོར་སྐྱོད་དཔལ་འབྱོར་མཐོར་འདེགས་བྱེད་པ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྟེགས་བུ་དཔལ་འབྱོར་སྐྱེད་སྲིང་བྱེད་པ་བཅས་བྱེད་དགོས། བཞི་ནས་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་ཆེན་པོ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དེ་ཞིང་སྡེ་དར་སྤེལ་བྱེད་པར་ཕན་ཡོད་སྒོས་སྦྲེལ་མཐུད་བྱེད་པ། ཞིང་ཕྱུགས་ལས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་བཅས་བྱེད་དགོས། ལྔ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། མི་ལྟེ་བ་ཡིན་པའི་རྣམ་པ་གསར་བའི་གྲོང་གསེབ་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པ། ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ། མཁར་གྲོང་མི་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་བྱེད་པ། ས་ཁོངས་མཐུན་སྦྱོར་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དྲུག་ནས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་སྤེལ་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ཕྱི་ནང་གི་སྒོ་འབྱེད་རྒྱ་བསྐྱེད་པ་བཅས་བྱེད་དགོས། བདུན་ནས་མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་། ལས་ཞུགས་སྔོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། དམངས་ཚིས་ཚད་མཐའ་དམ་སྲུང་བྱེད་པ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། རིག་གནས་ལུས་རྩལ་ལས་དོན་དར་རྒྱས་སུ་གཏོང་བ་བཅས་བྱེད་དགོས། བརྒྱད་ནས་སྤྱི་ཚོགས་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་པ། སྤྱི་ཐུན་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱེད་དགོས་ཟེར།

ཉིས་སྟོང་ཉེར་གཅིག་ལོར་སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གླེང་སྐབས། ཞིན་ཁྲང་ཞིང་གིས་བཤད་རྒྱུར། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་གྲོན་ཆུང་དམངས་ཕྱུག་རྒྱུན་འཁྱོངས་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲིད་གཞུང་གིས་སྣེ་ཁྲིད་དེ་འཆར་གཞི་ཞིབ་མོ་འགོད་པ་དང་ཆུད་ཟོས་སུ་མི་གཏོང་བར་གྲོན་ཆུང་བྱས་ནས་འཚོ་བ་རོལ་བ། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོ་ཚོད་འཛིན་བྱས་ཏེ་ཇེ་ཉུང་དུ་གཏོང་དགོས། ཤུགས་ཆེན་པོས་སྤྱོད་གཙང་སྲོལ་བཟང་དར་སྤེལ་བྱས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དངོས་འབེབས་གང་ལེགས་བྱེད་པ་དང་། ལས་གཅིག་འགན་གཉིས་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། སྤྱོད་བཟང་དར་སྤེལ་གྱི་ཆབ་སྲིད་སྐྱེ་ཁམས་བསྟུད་མར་གསར་སྐྲུན་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། མཚོ་སྔོན་མི་དམངས་ལ་བརྩོན་འགྲུས་ལྡན་ཞིང་བློ་གྲོས་མངའ་ལ། བྱམས་སེམས་ཆེ། མཚོ་སྔོན་གྱི་ལས་བྱེད་པ་བློ་དཀར་ཞིང་སྤྱོད་པ་གཙང་ལ། ཁག་ཁུར་ཆེ། མཚོ་སྔོན་གྱི་ས་གཞི་རྒྱ་ཆེ་ཞིང་བརྗིད་ཆགས་ལ། ཡིད་དུ་འོང་། མཚོ་སྔོན་གྱི་མ་འོངས་པར་རེ་བས་ཁེངས་ལ། སེམས་ནས་སྨོན་ཞིང་དགའ་སྤྲོས་བརྟས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་སྟེ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག དཀའ་ངལ་ཁྱད་སེལ་དང་སྤོབས་པ་ཉམས་མེད། ཡར་བརྩོན་ལྷོད་མེད། གསར་སྤེལ་གསར་གཏོད་བཅས་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་གཞི་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ལ་ཡིག་ཐོག་ནས་ཞིབ་བཤེར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས།

ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་གྲོས་གྲོས། མཚོ་སྔོན་དུ་སྡོད་པའི་འབྲེལ་ཡོད་འབུམ་སྡེ་དམག་དཔུང་ལས་ཁུངས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིང་། དབང་མོ་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་དང་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཡིག་སྒྱུར་བ། ཕྱུག་ལོ། བཀྲ་ཤིས་འབུམ། བསོད་ནམས་ཚེ་རིང་། རིན་ཆེན་མཚོ། བན་དེ་སྐྱབས།