ཝང་ཅན་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཉམ་འབྲེལ་ཚན་ཁག་གི་གྲོས་སྡུར་ལ་ཞུགས།
2021.02.01 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་། རྒྱ་ཆེའི་ཨུ་ཡོན་རྣམས་ལ་ལོ་སར་གྱི་སྨོན་འདུན་ཞུས་པ་མ་ཟད། མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་ལ་ཞུགས་ཏེ་བསམ་འཆར་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཏུའུ་ཅེ། མཱ་ཧེ་དབྱིན་བཅས་གྲོས་སྡུར་ལ་ཞུགས།

མཉམ་འབྲེལ་གྲོས་ཚོགས་སྟེང་། རིན་ཆེན་རྣམ་རྒྱལ་དང་མཱ་ཡུའེ་ཞང་། ཝང་ཧྭ་ཕིང་། ཐུང་ཕེན་ཨན། རྒྱ་གཞིས་བློ་བཟང་དཀོན་མཆོག་བསམ་འཕེལ། ཨི་ཁྲུང་རོང་སོགས་ཨུ་ཡོན་གྱིས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་དང་མཐུན་པ་ཡོང་བར་སྣེ་ཁྲིད་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཟང་བོ་བྱེད་པ། མི་རིགས་སོ་སོའི་བརྗེ་རེས་འགྲོ་འོང་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་སེམས་ཞིབ་མོས་གཏམ་བཤད་ལ་ཉན་པ་དང་ཟིན་ཐོ་བཀོད། ཁོས་བསྟན་དོན། སྲིད་གྲོས་ཨུ་ཡོན་ཚོ་ཐུན་མོང་གི་དམིགས་འབེན་གྱི་ཆེད་དུ་ལྷན་དུ་འཇོམས་པ་དང་། ཐུན་མོང་གི་གླེང་གཞི་ལ་དམིགས་ནས་རང་ཉིད་ཀྱི་མྱོར་ཚོར་གླེང་བ་དང་ཐུན་མོང་གི་འགན་འཁྲི་ལ་གཞིགས་ནས་བློ་འདོན་ཇུས་འབུལ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ལུགས་མཐུན་གྱི་གྲོས་གཞི་ལ་ཞིབ་འཇུག་དང་བསྡུ་ལེན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུས་ཏང་ཀྲུང་དབྱང་གི་དགོངས་དོན་དྲིལ་སྒྲོག་བྱས་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་བཤད་དེ། བབ་སྟུན་མདུན་སྐྱོད་ཀྱི་འཆར་གཞི་གསར་བ་བཀོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཛེས་སྡུག་འཚོབའི་ཐད་ཀྱི་རེ་སྒུག་ལ་ལན་བཏབ་པས། དངོས་གཉེར་ལག་བསྟར་གྱི་སྙན་ཞུ་བཟང་བོ་ཞིག་རེད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡི། བསམ་བློ་ཆབ་སྲིད་སྣེ་ཁྲིད་ཀྱི་གཙོ་ཐིག་དང་མཐུན་སྒྲིལ་དང་མཉམ་འབྲེལ་གྱི་དམིགས་འབེན་གཙོ་བོ། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བརྗོད་སྙིང་བཅས་མངོན་གསལ་ཡིན་པ་དང་། དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡིད་ཚིམ་པ་དང་རིགས་སོ་སོ་དང་ལས་རིགས་སོ་སོས་ཁས་ལེན་པའི་དྲིས་ལན་བཟང་བོ་ཡིན། ང་སྙན་ཞུ་དེ་གཉིས་ལ་ཧ་ཅང་འཐད་པ་ཡིན་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་གཅིག་ནི་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་ལ། ང་ཚོས་ཉམས་སད་ཆེན་པོ་ཐེག་ཡོད། འགྲན་རྩོད་ཀྱི་མདུན་དུ། མི་རིགས་ཆོས་ལུགས་ལས་རིགས་མི་སྣས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རིམས་ནད་འགོག་བཅོས། དབུལ་ཐར་མཁྲེགས་གཏོར་བཅས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་བྱས་རྗེས་བཞག མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་ནམ་ཡང་ཏང་གི་བྱ་བ་གལ་ཆེན་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་འབད་འཐབ་བྱེད་པ་དང་འཐབ་ལས་གསར་བ་འབྱེད་སྐབས། ཚང་མ་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཟབ་ཞུགས་པ་དང་སྐུལ་འདེད་པ་ཡིན་པས། ཏང་ཀྲུང་དབྱང་བཟང་བ་དང་རྒྱལ་ཁབ་བཟང་བ། མི་རིགས་བཟང་བ། ཆོས་ལུགས་བཟང་བའི་དོན་དངོས་གཏན་ཚིགས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རང་རྟོགས་སྒོས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། ཏང་གཅེས་རྒྱལ་གཅེས་དང་གཙོ་འཛིན་ལ་དགའ་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་འགྲིག་མཐུན་དང་ཆོས་ལུགས་འཆམ་མཐུན་གྱི་མིག་དཔེ་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།