ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས།
2021.02.01 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 37

ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས། སྒྲོག་སྤེལ་ཚོགས་འདུར་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཟི་ལིང་གྲོང་ཁྱེར་སྲིད་གཞུང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་ལས་ཁུངས་བདུན་དང་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་གདན་དྲངས་ཏེ། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་རྦད་ཆོད་སྒོས་རྒྱལ་ཁ་ལེན་པ་བརྗོད་དོན་གཙོ་བོར་དམིགས་ནས་གསར་འགྱུར་སྒྲོག་སྤེལ་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་བྱེད་པའི་དཀའ་གནད་དང་གནད་དོན་གཙོ་བོའི་སྐོར་ནས་ལན་བཏབ།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང་པོའི་སྟེང་།  ལས་ཁུངས་བདུན་དང་ས་གནས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་དམིགས་ཏེ་ནང་དོན་ཕུན་སུམ་ཚོགས་པ་དང་དངོས་གཉེར་ཡིན་པའི་གསར་འགྱུར་སྒྲོག་སྤེལ་བྱས། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞོ་ཞང་ཏུང་གིས་རང་ཞིང་གིས་ཉིས་སྟོང་ཉི་ཤུ་ལོར་འགན་སྲུང་དྲུག་དམ་འཛིན་དང་བརྟན་འཇགས་དྲུག་ལ་སྐུལ་འདེད་བཏང་བའི་གནས་ཚུལ་དང་ད་ལོའི་འབྲེལ་ཡོད་བྱ་བ་གཙོ་བོ་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས་རང་ཞིང་གིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པའི་ཐད་ནས་བླངས་བའི་གྲུབ་འབྲས་དང་གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་མུའུ་ཧྥེ་ཡིས་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་ལུགས་འཛུགས་སྐྲུན་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་མའོ་ཅང་མེང་གིས་ཉིས་སྟོང་ཉི་ཤུ་ལོའི་རང་ཞིང་གི་ལས་ཞུགས་གནས་ཚུལ་དང་འབྲེལ་ཡོད་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཝུའུ་ཀྲི་ཁྲིན་གྱིས་གད་སྙིགས་མེད་པའི་གྲོང་ཁྱེར་ཚོད་ལྟ་བྱས་པའི་གནས་ཚུལ་དང་ད་ལོའི་འབྲེལ་ཡོད་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་བཀོད་སྒྲིག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཧྥང་པའོ་མེན་གྱིས་ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་སུ་ལྗང་མདོག་གློག་ཤུགས་གསར་སྤེལ་བཀོལ་སྤྱོད་གནས་ཚུལ་མཚམས་སྦྱོར་བྱས། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏང་ཨུའི་ཧྲུའུ་ཅི་ལིས་ཞོ་ཉིག་གིས་ཉིས་སྟོང་ཉི་ཤུ་ལོར་རྫོང་ཡོངས་སུ་སྤུས་ལེགས་འཚོ་བ་གསར་སྐྲུན་བྱས་པའི་འབྲེལ་ཡོད་གནས་ཚུལ་དང་ད་ལོའི་འབྲེལ་ཡོད་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་ཟི་ལིང་དུ་ཡོད་པའི་གསར་འགྱུར་སྨྱན་བྱད་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གསར་འགོད་པ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

                                                                                         ལོ་ཙཱ་བ། བཀྲ་ཤིས་འབུམ།