ཞིན་ཁྲང་ཞིང་སོ་སོར་མཚོ་བྱང་དང་ཟི་ལིང་། ཡུས་ཧྲུའུ་བཅས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2021.02.01 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་མཚོ་བྱང་དང་ཟི་ལིང་། ཡུས་ཧྲུའུ་བཅས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གྲུབ་པའི་ཉམས་མྱོང་དང་མྱོང་ཚོར་རྩ་ཆེན་སྔར་ལས་གཅེས་སྤྲས་བྱེད་པ་དང་རྒྱུན་མཐུད་ངང་ལག་བསྟར་བྱེད་པ། དར་སྤེལ་གཏོང་བ། དཀའ་སྤྱད་འབད་འཐབ་བྱེད་པ་དང་གསར་འབྱེད་གསར་གཏོད་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་གོམ་སྟབས་དང་པོ་བསྒྱུར་བ་དང་སྣང་བརྙན་གསར་བ་གྲུབ་པར་བྱེད་པ། གྲུབ་འབྲས་གསར་བ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

གྲོས་ཞིབ་ཁྲོད། ཀྲང་ཀོང་རོང་དང་ཉི་མ་སྒྲོལ་མ། ལུང་ཡུང་ཧྲིན། ཀྲང་ཞོ་རོང་། ཝང་ཀོང་ཆན། ལིས་ཝེ་ཏུང་། ཞིན་ཀྲན་ཞུང་། ཝུའུ་ཏི་ཅུན། བཀྲ་ཤིས་ཚེ་རིང་། ཉི་མ་བཀྲ་ཤིས། ལོ་ཅུན་སོགས་འཐུས་མིས་དངུལ་གཏོང་དངུལ་བསྲེས་སྒྲིག་གཞི་བཅོས་སྒྱུར་དང་སྐྱེ་ཁམས་དཔལ་འབྱོར་རྒྱ་བསྐྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཞིང་སྡེ་དར་སྤེལ་གཏོང་བ། མཐོ་གསར་རྒྱུ་ཆས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། དག་གཙང་དྲོད་འདོན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཅས་ཐད་ནས་གཏམ་བཤད། ཞིན་ཁྲང་ཞིང་གིས་ན་ནིང་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་མཚོ་བྱང་དང་ཟི་ལིང་། ཡུས་ཧྲུའུ་བཅས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ནི་སྐབས་རིམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུན་མཐུད་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་པ་དང་། གྲུབ་འབྲས་ལེན་སླ་མོ་ཞིག་མིན་ལ། འཕེལ་རྒྱས་ཁྲོད་གྲུབ་པའི་ཉམས་མྱོང་མྱོང་ཚོར་ཧ་ཅང་རྩ་ཆེ་བས། ངེས་པར་དུ་གཅེས་སྤྲས་དང་ལག་བསྟར། དར་སྤེལ་བཟང་བོ་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་ཧ་ཅང་ལྕི་བ་དང་། ལྗང་མདོག་འཕེལ་རྒྱས་ཐད་འབད་བརྩོན་བྱེད་འོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་གཉིས་གཅིག་གྱུར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཚད་གཞི་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རི་བོ་གཉིས་ཀྱི་འདུ་ཤེས་ལ་བརྟེན་ནས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་བ། ལྗང་མདོག་སྐྱེ་ཁམས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཞིང་སྡེ་དར་སྤེལ་གཏོང་བ་གཉིས་སྦྲེལ་མཐུད་བྱེད་པར་དམིགས་ནས། དམངས་ཚིས་ལེགས་བསྒྱུར་བྱེད་པ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྔོག་འདོན་ཟབ་མོ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་བྱང་གི་དཀའ་སྤྱད་འབད་བརྩོན་གྱི་རྒྱུགས་ལན་གསར་བ་སྤྲོད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། ཟི་ལིང་གི་བྱ་བ་བཟང་བོ་བསྒྲུབ་རྒྱུ་དེ་ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་མཐོར་འདེགས་རིམ་སྤོར་བྱེད་པ་དང་སྔོན་ཐོན་བཟོ་སྐྲུན་དང་ནུས་ཁུངས་གསར་བ། རྒྱུ་ཆས་གསར་བ་སོགས་གསར་དར་ཐོན་ལས་ལ་དོ་སྣང་ཆེན་པོ་བྱས་ནས། དག་གཙང་ནུས་ཁུངས་ཀྱི་ཐག་གཅོད་དང་ལེན་ནུས་པ་མཐོར་འདེགས་གཏོང་དགོས། ཟི་ལིང་གི་རྒྱུ་རྐྱེན་སྣ་ཚོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་སོགས་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། རང་ས་ཆའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་དང་སྒྱུར་སྤོར་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་གསར་གཏོད་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་གྱི་སྡོད་འཚམ་ཚད་མཐོར་འདེགས་གཏོང་བ་དང་། བར་སྟོང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། རྩོལ་ནུས་སྤུས་ཚད་མཐོར་འདེགས་གཏོང་བ། མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ལག་བསྟར་བྱས་ཏེ། དེང་རབས་མཐོ་སྒང་གི་མཛེས་སྡུག་དང་བདེ་སྐྱིད། ལྗང་མདོག་བཅས་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་དགོས་ཟེར།

ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་ནས་ཞིན་ཁྲང་ཞིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་མགོ་ཁུངས་འགན་འཁྲི་ཕྲག་ཏུ་ལེན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལས་འགན་དང་ལེན་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཆེས་ཆེ་བའི་ཆབ་སྲིད་དུ་བརྩིས་ནས་བརྟན་སྲུང་བྱེད་པ་དང་ཆེས་ཆེ་བའི་འགན་འཁྲི་རུ་བརྩིས་ནས་ཕྲག་ཏུ་ལེན་པ། ཆེས་ཆེ་བའི་དམངས་ཚིས་ལ་བརྩིས་ནས་འགན་སྲུང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཐད་ཤུགས་སྣོན་པ། སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ། མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་མིང་བྱང་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས། ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ། ཐུམ་འབུའི་ནད་སོགས་འགོས་ནད་དང་ས་གནས་ནད་རིགས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དག་གཙང་ནུས་ཁུངས་ཀྱི་དྲོད་འདོན་རྒྱུན་མཐུད་ངང་སྤེལ་ནས། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཡུས་ཧྲུའུ་ཉམས་མྱོང་གི་གོ་དོན་རྒྱ་བསྐྱེད་པ། ས་གནས་བཅོས་སྐྱོང་ཕན་ནུས་ལེགས་སྒྱུར་མཐོར་འདེགས་བཏང་སྟེ། ཡུས་ཧྲུའུ་ཡི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།