ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་གྲོས་མོལ་གྲུབ་འབྲས་སྔར་ལས་ལེགས་སྒྱུར་དང་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་བརྗོད་དོན་གཙོ་བོ་ཡིན་པར་དམིགས་ཏེ། རང་ཞིང་གི་ཏང་སྲིད་ལས་ཁུངས་དང་སྲིད་གྲོས་རྩ་འཛུགས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ཏེ།  གྲོས་མོལ་གྲུབ་འབྲས་དེ་དངོས་གཉེར་སྲིད་གྲོས་བྱེད་ཐབས་སུ་བསྒྱུར་བར་མཉམ་དུ་སྐུལ་འདེད་གཏོང་བའི་སྒྲུབ་སྟངས་དང་གྲུབ་འབྲས་མཚམས་སྦྱོར་བྱས། དེ་ནི་རང་ཞིང་གི་སྲིད་གྲོས་བྱ་བ་བརྗོད་དོན་གཙོ་བོ་ཡིན་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་ཡིན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གྲོས་མོལ་གྲུབ་འབྲས་གཙོ་བོ་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་པའི་ལམ་ལུགས་གལ་ཆེན་བཀོད་སྒྲིག་དང་གསོན་ཉམས་ལྡན་པའི་ལག་ལེན་ཐེངས་ཤིག་རེད།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་འགོ་འཛིན་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཀྲུའུ་ཝུན་ཕེན་དང་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ཅིན་ཀྲུང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚུའེ་ཝེ་བཅས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱིས་རྗེས་སྙེག་རྩད་གཅོད་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ཏེ་གྲོས་མོལ་གྲུབ་འབྲས་ལེགས་སྒྱུར་དང་དངོས་འབེབས་བྱེད་པའི་ཐད་ནས་ཚོད་ལྟའི་བྱ་བ་བསྒྲུབ་པའི་བསམ་གཞིགས་དང་སྤྱིའི་གནས་ཚུལ་དང་། དེ་མིན་རང་ཞིང་གི་གཞི་རིམ་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་རང་ཞིང་གི་ཤེས་ལྡན་མི་སྣའི་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཤེས་ལྡན་མི་སྣའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པར་དམིགས་ནས་གྲོས་མོལ་གྲུབ་འབྲས་ལེགས་སྒྱུར་དང་དངོས་འབེབས་བྱས་པར་རྟོག་ཞིབ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་ཤེས་ལྡན་མི་སྣ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝུའུ་གོ་ཆང་དང་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཀྲོང་ཙི་ཧེ། ཞིང་ཆེན་མི་དོན་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་ཐིན་ཀྲང་གཞོན་པ་ཧྲི་ཧོང་ཀྲན། ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ་སུའུ་ཧེ་ཧོང་བཅས་ཀྱིས་གྲོས་མོལ་གྲུབ་འབྲས་ལེགས་སྒྱུར་དངོས་འབེབས་གནས་ཚུལ་མཚམས་སྦྱོར་བྱས།

གསར་འགོད་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། གྲོས་མོལ་སྲིད་གླེང་བྱ་འགུལ་གཙོ་བོ་བཅུ་བཞི་དང་ཁ་གཏད་གྲོས་མོལ་ཐེངས་དགུ་ལ་རྩ་འཛུགས་ཞིབ་མོ་བྱས་ཏེ་ལག་བསྟར་བྱས་པ་དང་། གྲོས་གཞི་གཙོ་བོ་ཐག་གཅོད་གྲོས་མོལ་དང་ཁྲིམས་འཛུགས་གྲོས་མོལ་རྒྱ་ཆེར་སྤེལ།

མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཅིན་ཧྭ་དང་ལིས་ལིས་ཅུན། ཧན་ཝུན་ལིན། དེ་མིན་རྟོག་ཞིབ་ལ་ཞུགས་པའི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་གཞི་རིམ་དགེ་རྒན་གྱི་འཐུས་མི་གདན་དྲངས་པ་ལྟར་སྒྲོག་སྤེལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་ཟི་ལིང་དུ་ཡོད་པའི་གསར་འགྱུར་ལས་ཁུངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་གསར་འགོད་པ་སྒྲོག་སྤེལ་ཚོགས་འདུར་ཞུགས།

ལོ་ཙཱ་བ། བཀྲ་ཤིས་འབུམ།