མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཚན་ཁག་བགོས་ནས་འབྲེལ་ཡོད་སྙན་ཞུ་ལ་གྲོས་ཞིབ་བྱས།
2021.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གཉིས་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ཚན་ཁག་བགོས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་དམིགས་འབེན་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་བྱས། འཐུས་མི་ཚོས་གྲོས་ཞིབ་ཁྲོད་བརྗོད་སྙིང་ལ་དམ་དུ་དམིགས་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་པ་དང་མྱོང་ཚོར་གླེང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་འདོན་ཇུས་འབུལ་བྱས་པ་དང་། ཡུལ་དངོས་ཀྱི་སྣང་ཚུལ་ཧ་ཅང་བཟང་།

གྲོས་ཞིབ་ཁྲོད། འཐུས་མི་ཚོས་མཐའ་གཅིག་ཏུ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་འཆར་ཟིན་གྱི་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ལ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་རྒྱུན་འཁྱོངས་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་རྒྱུན་མཐུད་ངང་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པར་བྱས་ཤིང་ཞིབ་སྡུར་དགེ་མཚན་འབུར་དུ་ཐོན་པར་བྱས་ཡོད། གཙོ་བོར་འཕེལ་རྒྱས་ཀྱི་འཐབ་ཇུས་གསལ་བཤད་བྱེད་པ་དང་བྱ་བའི་གཙོ་གནད་གཏན་ཁེལ་བྱེད་པ། ཚོང་རའི་སྔོན་དཔག་ལ་སྣེ་ཁྲིད་བཅས་བྱེད་རྒྱུ་ནི་མ་འོངས་པའི་ལོ་ལྔ་དང་ཐ་ན་ཉིས་སྟོང་སོ་ལྔ་ལོའི་བར་གྱི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་འབད་འཐབ་ཀྱི་དམིགས་འབེན་ཡིན་ལ། ཞིང་ཆེན་ཡོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་འཆར་གཞི་བཟང་བོ་བཀོད།

ཚང་མས་མཐའ་གཅིག་ཏུ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་འཆར་ཟིན་གྱིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མིག་རྒྱ་སྤྱད་དེ་རང་ཞིང་གི་འཕེལ་རྒྱས་ཁོར་ཡུག་དང་འཕར་སྣོན་སྦས་ཤུགས། མངོན་སུམ་དགོས་མཁོ། འཕེལ་རྒྱས་ཀྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སྐྱོད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་བ་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ལ་རྒྱུས་ལོན་གསལ་བོ་བྱས་ལ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འབྲེལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཀྱི་ཁུལ་ཁོངས་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པའི་འཐབ་ཇུས་གལ་ཆེན་རྨང་གཞི་རུ་བྱས་ལ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་མིའི་ཁྱོན་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བྱས་པ་དང་། འཕེལ་རྒྱས་ཀྱི་དགེ་མཚན་དང་སྦས་ཤུགས་སྲ་བརྟན་དང་རྒྱ་སྐྱེད་པ་འདེགས་སྐྱོར་རུ་བྱས་ལ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་གཏན་ཁེལ་བྱས་པ་དང་། དེ་ནི་ང་ཚོའི་བྱ་བའི་འགུལ་སྐྱོད་རྩ་གནད་དང་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཧུར་ཐག་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་བ་འབྲི་བར་སྐུལ་མ་བྱེད་དགོས།

ཉིན་དེར། འཐུས་མི་ཚོས་ད་དུང་མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

                                                                                                                 ལོ་ཙཱ་བ། རིན་ཆེན་མཚོ།