ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ2པའི་ཚེས2ཉིན་གྱི་སྔ་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན་བཅུ་གཉིས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་དེ། རང་ཞིང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་རྩོམ་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་སྐོར་གྱི་དོན་ཆེན་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དག་གཙོ་བོར་དམིགས་ཤིང་། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་དོན་དག་དཀའ་མོར་དམིགས་ནས་བློ་འདོན་ཇུས་འབུལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད། ཏུའུ་ཏི་ཀྲི་ཡིས་ཚོགས་ཆེན་མགོ་འཛིན་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ནས་གཏམ་བཤད་པར་ཉན།

སྲིད་གྲོས་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་པ་ནི་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་གྲོས་མོལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ། སྲིད་གྲོས་ཀྱི་འགན་སྒྲུབ་ཆུ་ཚད་དང་ཨུ་ཡོན་གྱི་སྣང་བརྙན་མཚོན་པའི་སྟེགས་བུ་གལ་ཆེན་ཡིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཚོགས་ཆེན་གཏམ་བཤད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གཏམ་བཤད་རྒྱུ་ཆ་གདམ་གསེས་ཀྱི་གནས་ཚུལ་ཡར་ཞུ་ལ་ཆེད་དུ་ཉན་པ་དང་། གདམ་གསེས་བྱས་པའི་གཏམ་བཤད་རྒྱུ་ཆ་ལ་ཞིབ་བཤེར་གཏན་འབེབས་བྱས། སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་གྱིས་བརྟག་དཔྱད་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་། བསམ་གཞིགས་ཟབ་མོ་དང་གྲ་སྒྲིག་ཞིབ་མོ་བྱས་ཏེ། བསྡོམས་པས་གཏམ་བཤད་རྒྱུ་ཆ་གོ་དགུ་སྤྲད་པ་དང་། དེའི་ནང་གི་བཅུ་གཉིས་ཐེངས་འདིའི་གྲོས་ཚོགས་ཀྱི་ངག་ཐོག་གཏམ་བཤད་ལ་བདམས་པ་དང་། སོ་བཞི་ཡིག་ཐོག་གཏམ་བཤད་ལ་བདམས། གཏམ་བཤད་རྒྱུ་ཆ་གཞན་དག་སྤྱི་ཚོགས་གནས་ཚུལ་དང་དམངས་བློའི་ཆ་འཕྲིན་སོགས་ཀྱི་རྣམ་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྤྲོད་རྒྱུ་རེད།

ཕྱུག་ལོས་བསྒྱུར།