ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས།
2021.02.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གཉིས་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས། སྒྲོག་སྤེལ་ཚོགས་འདུར་ཞིང་ཆེན་སྡོམ་རྩིས་ཅུའུ་དང་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ལས་ཁུངས་དང་ས་གནས་བདུན་གྱི་འབྲེལ་ཡོད་འགན་འཁུར་བས་ལོ་ལྔའི་འཆར་འགོད་བཅུ་བཞི་བར་རྒྱང་ལྟ་བྱས་ཏེ་འཐབ་ལམ་གསར་བ་འབྱེད་པ་བརྗོད་དོན་བྱས་ནས་གནས་ཚུལ་ཁྱབ་སྒྲོག་བྱས།

ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་མགོ་འཛིན་བྱས།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་སྡོམ་རྩིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དབྱི་ཧྥིན་གྱིས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་གྲུབ་འབྲས་གཙོ་བོ་མཚམས་སྦྱོར་བྱས་ཤིང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞོ་ཞང་ཏུང་གིས་རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་བར་འགྲེལ་བཤད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལོས་ཞན་ཧྭ་ཡིས་རང་ཞིང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་གྲུབ་འབྲས་གཙོ་བོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་ཀྱི་བཅོས་སྒྱུར་ལས་འགན་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་མ་ཀྲིན་ཅུན་གྱིས་རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་ཞང་སྡེ་དར་སྤེལ་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་བཀོད་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ཡི་ཅུའུ་ཀྲང་ལིས་ཞོ་ནན་གྱིས་རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་མཚོ་ལྷོ་ཁུལ་གྱིས་གྲངས་འཛིན་དཔལ་འབྱོར་གསར་སྐྲུན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཝང་ཡུང་ཁྲང་གིས་ལྗང་མདོག་གནས་སྐོར་གསར་སྐྲུན་དང་མཚོ་སྔོན་སྙིང་སྟོབས་དང་རིག་གནས་ས་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།

མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་ཟི་ལིང་གི་གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པ་སྒྲོག་སྤེལ་ཚོགས་འདུར་ཞུགས།

                                                                                         ལོ་ཙཱ་བ། བཀྲ་ཤིས་འབུམ།