སྲིད་གཞུང་བྱ་བའི་སྙན་ཞུར་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་།
2021.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་རྡོ་རྗེ་ཆོས་འཛིན་གྱིས་བཤད་རྒྱུར། སྙན་ཞུས་ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཆར་གཞི་བཟོས་པ་གཙོ་གནད་འབུར་དུ་ཐོན་ཞིང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་གཅིག་འདོམས་བྱས་ཏེ། བསམ་པའི་སྟེང་ནས་གནད་འཁེལ་སྦྲེལ་མཐུད་དང་བཀོད་སྒྲིག་སྔ་ཕྱི་ཚང་མ་གཞི་གཅིག་ཏུ་སྦྲེལ་བ། ལས་གཞི་ཆེ་ཆུང་ཕན་ཚུན་འདེགས་སྐྱོར་བྱས་པ་རྣམས། ཞིང་ཆེན་གྱི་ད་ཡོད་གནས་ཚུལ་དང་འཕེལ་རྒྱས་ཆོས་ཉིད་ལ་མཐུན་པ་དང་། དུས་བབ་འགྱུར་ལྡོག་དང་མི་དམངས་ཀྱི་རེ་འདུན་དང་མཐུན་པས། དེ་ནི་དུས་རིམ་གསར་པ་མུ་མཐུད་རྒྱུན་གནས་ཡོང་བའི་འཐབ་ཇུས་ཀྱི་མ་དབྱིབས་ཤིག་དང་འཐབ་ལམ་གསར་པ་འབྱེད་པའི་ལག་ཆ་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མངོན་འགྱུང་ཡོང་བར་བྱེད་པ་ལ་ཅིས་ཀྱང་ལམ་ལུགས་དང་ཆབ་སྲིད། མི་དམངས། འཐུས་མི་བཅས་ཀྱི་སྟོབས་ཤུགས་བཀོལ་སྤྱོད་གང་ལེགས་བྱེད་དགོས། ཁ་འབྲལ་མི་རུང་བ་གསུམ་གྱི་སློབ་གསོར་ཤུགས་སྣོན་པ་དང་ཁ་འབྲལ་མི་རུང་བ་གསུམ་གྱི་རང་རྟོགས་མངོན་འགྱུར་བྱས་ཏེ། མཚོ་སྔོན་གྱི་གསར་ཉམས་དོད་ཅིང་ཁྱད་གཤིས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱད་ལྡན་མིང་གྲགས་ཐོན་རྫས་བསྐྲུན་དགོས། ལམ་ལུགས་སྒྲིག་ལུགས་དང་ཁྲོམ་ར་སོགས་ཀྱི་རིམ་ངོས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ལ་འགན་ལེན་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་རི་སྔོ་ཆུ་དྭངས་དེ་གསེར་གསེར་རི་དངུལ་རིར་བསྒྱུར་དགོས་ཟེར།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི་མཱ་ཞའོ་ཧྥུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་མ་འོངས་པའི་ལོ་བཅོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྔོན་དཔག་བྱས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་འཛིན་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་ལ་ཞིང་ཆེན་གྱི་གནས་ཚུལ་གསལ་རྟོགས་བྱུང་བར་མ་ཟད། འཐབ་ཇུས་ཀྱི་མིག་རྒྱང་རིང་བ་དང་འཕེལ་རྒྱས་ཀྱི་ཐབས་ཇུས་འཛོམས་པ། འབད་འཐབ་དམིགས་འབེན་གསལ་བོ་ཡིན་པས། དེར་སྔོན་དཔག་རང་བཞིན་དང་མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་མངོན་གསལ་ལྡན་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་བྱང་མོ་མཚོས་བཤད་རྒྱུར། སྙན་ཞུ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་ཁ་ཕྱོགས་ཏེ་སྐད་ཆ་གསར་བ་བཤད་པ་དང་ཇུས་གཞི་གསར་བ་བཏོན་པ། ཐབས་ལམ་གསར་པ་བསྟན་པ་བཅས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་བྱུང་བའི་སྙན་ཞུ་བཟང་བོ་ཞིག་རེད། སྲིད་གཞུང་བྱ་བའི་སྙན་ཞུས་ཇུས་གཞི་གསར་བ་བཀོད་པ་དང་རེ་བ་གསར་བ་གཅིག་སྡུད་བྱས་ལ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་གསར་བར་བསྟུན་ཡོད། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ནས་འོས་འགན་གསར་བ་དང་བླང་བྱ་གསར་བར་ཁ་གཏད་དེ། ལས་གནས་འགན་འཁྲི་དང་ཟུང་སྦྲེལ་གྱིས་སྲིད་ཞུགས་སྲིད་གླེང་དང་མང་ཚོགས་ལ་འབྲེལ་འདྲིས་རྒྱ་ཆེར་བྱེད་པའི་ནུས་པ་བཟང་བོར་འདོན་རྒྱུ་ཡིན་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རན་ཆིན་གྱིས་བཤད་རྒྱུར། སྙན་ཞུའི་ནང་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་བར་འཆར་གཞི་བཀོད་པ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་ལ། དུས་རིམ་རིང་འབྲིང་ཐུང་གསུམ་མཉམ་དུ་སྦྲེལ་ཞིང་། སྤྱི་ཡོངས་ལ་བསམ་གཞིགས་བཏང་བ་དོན་དངོས་དང་མཐུན་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།