མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2021.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་གྲོལ་མ་ཐག ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་ཚང་འཛོམས་གྲོས་ཚོགས་བསྡུས་ནས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ལོ་གསར་བའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥིན་ཁྲུན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར་བཅས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཡིན། ཞིང་ཆེན་དམངས་ཆེན་གྱི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་རྩ་གནད་གཉིས་ནི་སྲིད་གཞུང་གིས་བཞག་པའི་དམ་བཅའ་ཡིན་ལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཡི་གེ་ཡང་ཡིན་པས། ངེས་པར་དུ་མཐའ་གཅིག་ཏུ་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ངེས་པར་དུ་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་སྟེང་ཤུགས་འདོན་པ་དང་། དུས་ནམ་ཡང་ཏང་ཀྲུང་དབྱང་གི་དགོངས་དོན་ཚད་གཞིར་འཛིན་པ། ཆབ་སྲིད་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་ལག་བསྟར་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་ནམ་ཡང་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས། ངེས་པར་དུ་དམིགས་འབེན་དམ་འཛིན་ལྷོད་མེད་བྱེད་པ་དང་འབད་འཐབ་བྱེད་དགོས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གཙོ་བོར་དམ་དུ་དམིགས་ནས། དམིགས་འབེན་དང་ལས་འགན་ཇེ་ཞིབ་ཏུ་གཏོང་བ་དང་། དུས་ཚོད་རེའུ་མིག་འགོད་པ་དང་ལམ་ཐིག་པར་རིས་འབྲི་བ། སྔར་ལས་གནད་ལ་འཁེལ་བའི་བྱེད་ཐབས་དང་ཚད་ལས་བརྒལ་བའི་ནུས་ཤུགས་ལ་བརྟེན་ནས། བྱ་བ་རེ་རེ་བཞིན་ལག་བསྟར་བྱེད་དགོས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་གཅིག་འདོམས་བྱེད་པ་དང་དཀའ་གནད་ཐག་གཅོད་དགོས། འཕེལ་རྒྱས་ཐད་ཀྱི་མི་འདང་ས་དམ་འཛིན་བྱེད་པ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བར་དམིགས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་འཆར་འགོད་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་གནོད་བྱེད་པའི་འབུར་ཐོན་གནད་དོན་ཐག་གཅོད་པ། བློ་རྩ་སྔར་ལས་བརྟན་པོས་སྐྱེ་ཁམས་སྔོན་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། ངེས་པར་དུ་དུས་ཚིགས་དང་པོར་བྱ་བ་བཟང་བོར་བསྒྲུབ་དགོས། སྲིད་ཇུས་གལ་ཆེན་དང་བཅོས་སྒྱུར་བྱེད་ཐབས་སྔ་མོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ། ས་བབ་དང་བསྟུན་ནས་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་དང་གསར་འཛུགས་ལས་གཞི་སྔ་མོ་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པར་སྐུལ་འདེད་གཏོང་བ། ཁེ་ལས་ལ་ཕན་འདོགས་པ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བ། ཁེ་ལས་གཏན་འཇགས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ། དཔྱིད་ཀའི་རྨ་འདེབས་གྲ་སྒྲིག་དང་གནོད་འགོག་གནོད་སྐྱོབ་སོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ལོ་ཧྲིལ་བོའི་དམངས་ཚིས་དོན་དངོས་ལས་གཞི་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་དགོས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་བསྒྱུར་བ་དང་ཕན་ནུས་མཐོར་འདེགས་གཏོང་དགོས། བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད་པ། ཏང་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཚོགས་ཐོག་ནས། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་། རིམས་ནད་འགོག་སྡོམ་དང་དཔྱིད་ཀའི་སྐྱེལ་འདྲེན་འགན་སྲུང་། མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས། ཚོང་རའི་ལྟ་སྐུལ་དོ་དམ། བདེ་འཇགས་ཐོན་སྐྱེད་དང་ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་འཇོག་ཐག་གཅོད་སོགས་བྱ་བ་བཟང་བོར་བསྒྲུབ་པ། སེམས་ཞིབ་མོས་ཕྱིར་ཕ་ཡུལ་དུ་ལོག་མ་ཐུབ་པར་ས་དེ་རུ་ལོ་སར་བའི་མང་ཚོགས་ཀྱི་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སྤྱི་ཚོགས་ཡོངས་ཀྱི་འགོག་བཅོས་ལ་ཤུགས་སྣོན་པ། འཕྲལ་བསྟུན་ལས་རེས་བཟང་བོར་བྱས་ཏེ། རིགས་སོ་སོའི་མང་ཚོགས་བདེ་འཇགས་སྤྲོ་སྐྱིད་ཀྱི་ལོ་སར་ལ་རོལ་ཐུབ་པར་བྱེད་དགོས་ཟེར།

ཀྲང་ཧོང་ཡོན་དང་ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན་བཅས་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།