རང་ཞིང་གི་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་རྗེས། ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་མྱུར་བ་མྱུར་དུ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།
2021.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 361

ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་གཉིས་དང་སྐར་མ་བཞིའི་སྟེང་། རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཚད་རིམ་བདུན་དང་གྲངས་ཆུང་བཞིའི་ས་འགུལ་བྱུང་། ས་འགུལ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མྱུར་བ་མྱུར་དུ་རེ་བ་བཏོན་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ས་འགུལ་གྱི་འཕྲལ་བསྟུན་ཇུས་གཞི་མྱུར་དུ་སྤྱོད་པ་དང་། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་སོགས་གནས་ཚུལ་ལ་མྱུར་དུ་གྲལ་བཤེར་སྡོམ་རྩིས་བྱེད་པ། བརྩེ་བ་ཟབ་མོས་མང་ཚོགས་ལ་སེམས་གསོ་ཁྲིད་སྟོན་བྱེད་པའི་བྱ་བ་བཟང་བོར་སྒྲུབ་པ། ཚད་ཆེས་མཐོ་བའི་སྒོ་ནས་གནོད་འཚེའི་གྱོང་གུད་ཇེ་ཆུང་དུ་བཏང་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་མྱུར་བ་མྱུར་དུ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས། མགོ་ལོག་ཁུལ་འཕྲལ་བསྟུན་དོ་དམ་ཅུའུ་ཡི་འགན་ཁུར་བློ་མཐུན་ལ་བརྙན་རིས་སྦྲེལ་ཏེ། གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཉེན་སེལ་རྒུད་སྐྱོབ་དང་མང་ཚོགས་བཀོད་སྒྲིག་སོགས་ཀྱི་བྱ་བར་བཀོད་འདོམས་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་དང་མཉམ་དུ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ནས་གནོད་འཚེའི་གནས་ཚུལ་གྱི་གྲོས་མོལ་ཚོགས་འདུ་བསྡུས།

ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་འཕྲལ་བསྟུན་རྒུད་སྐྱོབ་ཆེད་ལས་སྟོབས་ཤུགས་བསྡུ་རུབ་བྱས་ཏེ། ཡུལ་དངོས་སུ་སོང་ནས་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བསྒྲུབས་པ་དང་། དུས་ལྟར་ས་འགུལ་དང་གནོད་འཚེའི་གནས་ཚུལ་བསྒྲགས་ལ། དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་མི་སེམས་བདེ་ལ་བཀོད་ནས། སྤྱི་ཚོགས་གཏན་འཇགས་ལ་ཁག་ཐེག་བྱས།

ཕྱུག་ལོས་བསྒྱུར།