རྨ་སྟོད“5.22”M7.4ས་འགུལ་གྱི་གསར་འགྱུར་སྒྲོག་སྤེལ་ཐེངས་གཉིས་པ།
2021.05.22 ཁུངས། ཀློག་གྲངས། 209

5ཚེས22ཉིན་གྱི་ཆུ་ཚོད4སྐར་མ10སྟེང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་གཞུང་ལས་ཁང་དང་། མཚོ་སྔོན་ཞིང་ཆེན་ས་འགུལ་ཅུའུ་ཡིས་རྨ་སྟོད་རྫོང“5.22”M7.4ཚད་རིམ་གྱི་ས་འགུལ་ལ་གསར་འགྱུར་སྒྲོག་སྤེལ་ཐེངས་དང་པོ་བྱས།



ཟླ5ཚེས22ཉིན་གྱི་ཆུ་ཚོད2དང་སྐར་མ4ཡི་སྟེང་། མགོ་ལོག་རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་། ས་འགུལ་བྱུང་ས་དེ་རྨ་ཆུ་ཡུལ་ཚོར་སྤྱི་ལེ7ཡོད་ལ། རྨ་སྟོད་རྫོང་ཐོག་ཏུ་སྤྱི་ལེ38ཡོད་པ་དང་། མགོ་ལོག་ཁུལ་ཐོག་ཏུ་སྤྱི་ལེ174དང་། ཟི་ལིང་གྲོང་ཁྱེར་དུ་སྤྱི་ལེ385ཡོད། ས་འགུལ་བྱུང་རྗེས་མཚོ་སྔོན་ཞིང་ཆེན་ཡོངས་སུ་སྤྱི་ཁྱབ་ཀྱིས་འགུལ་ཚོར་ཆེ་ལ། ལྷག་པར་རྨ་སྟོ་དང་མཛོ་རྒན་རྭ་བར། རྨ་ཆུ་ཡུལ་ཚོ་སོགས་སུ་འགུལ་ཤས་ཆེ་ཞིང་། ཁང་གྱང་ལོག་པའི་གནས་ཚུལ་འགའ་རེ་འདུག་མོད། གནས་སྐབས་སུ་མི་ཤི་རྨས་ཀྱི་སྙན་ཞུ་འབྱོར་མི་འདུག གནས་ཚུལ་གཞན་དག་རྒྱུས་ལོན་བྱེད་བཞིན་པའི་སྒང་ཡིན། 




ཆུ་ཚོད4བར། ས་འགུལ་ཐེངས104བྱུང་བ་དང་། ཚད་རིམ3ཡན་གྱི་ས་འགུལ་ཐེངས40བྱུང་ལ། ཚད་རིམ4ཡན་གྱི་ས་འགུལ་ཐེངས4དང་། ཆེས་ཆེ་བ་ཚད་རིམ4.6རེད། ས་འགུལ་བྱུང་རྗེས། ཞིང་ཆེན་ས་འགུལ་ཅུའུ་ཡིས་མྱུར་མོར་ས་འགུལ་འཚུབ་བསྟེན་འབོད་སྐུལ་སྤེལ་ཞིང་། ཟི་ལིང་དུ་སྡོད་པའི་མི་སྣ་ཚང་མ་ལས་གནས་སུ་འབྱོར་དུ་བཅུག་པ་དང་། བྱ་བ་མྱུར་དུ་བསྒྲུབས་ཏེ་སྐར་མ3ནང་ཐེངས་འདིའི་ས་འགུལ་གྱི་རྒྱུ་གསུམ་གཏན་ཁེལ་བྱས་ནས་འཚུབ་བསྟེན་དོ་དམ་པུའུ་དང་ཀྲུང་གོ་ས་འགུལ་ཅུའུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ལ་ཡར་ཞུ་བྱས་ལ། དེ་ནས་འབྲེལ་ཡོད་མྱུར་སྐྱོབ་ལས་ཁུངས་དང་ཚན་ཁག་ལ་གནས་ཚུལ་སྤྲད། དེ་ནས་རྨ་སྟོད་རྫོང་གནས་སྐབས་ས་འགུལ་གནོད་སྐྱོབ་ཏང་ཀྲི་པུའུ་བཙུགས་པར་མ་ཟད། ཅུའུ་ཀྲང་གཞོན་པ་ཝང་ཧེ་ཀུང་ལ་བྱ་སྒྲུབ་མི་སྣ16ལ་སྣེ་ཁྲིད་དང་། རླངས་འཁོར་བཞི། ཚད་ཞིབ་འཕྲུལ་ཆས་དྲུག་སྤྲད་ནས་ས་འགུལ་བྱུང་སར་མངགས། ཆེད་མཁས་པས་བརྟག་དཔྱད་ལྟར་ན། ཐེངས་འདིའི་ས་འགུལ་ནི་ས་འགུལ་གཙོ་བོ་དང་ལྷག་མ་གཉིས་སུ་འདུག་ལ། ལྷག་མའི་ས་འགུལ་ནི་ཚད་རིམ6ཡས་མས་ཡིན་པས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ། རྨ་ལྷོ་སོགས་ཀྱི་བྱ་བ་དང་འཚོ་བར་ཤན་ཤུགས་ཆེན་པོ་མི་འབྱུང་། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་རྒྱུན་ལྡན་ངང་འཚོ་བ་རོལ་ཆོག  མིག་སྔར། ཐེངས་འདིའི་ས་འགུལ་ལ་དྲ་ཐོག་ཏུ་དབྱེ་ཞིབ་དང་ཁ་ཚོན་གཅོད་པའི་རིགས་ནི་གཞུང་ཕྱོགས་ཀྱིས་སྤེལ་བ་མིན་ན། དཀྲོག་གཏམ་ཡིན་པས་གཟབ་དགོས།