མི་དམངས་ཀྱི་བླ་ན་མེད་པའི་ཚེ་སྲོག་གོང་དུ་བཀུར་བ།
2021.05.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 33

—“5·22”རྨ་སྟོད་ས་ཡོམ་གྱི་ཉིན་དང་པོའི་དངོས་བྲིས།

རྨ་ཆུའི་འགྲམ་གྱི་གཞུང་ལམ་རྒྱུད་ཀྱི་ལས་བཟོ་པས་གཞུང་ལམ་ཁོད་སྙོམས་པ།

མེ་གསོད་དམག་མིས་རས་གུར་ཕུབ་བཞིན་པ།

འདི་ནི་ལྷིང་འཇགས་ཀྱི་མཚན་མོ་ཞིག་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཕྲ་ལི་གྲོང་རྡལ་སྡེ་གསར་གྱི་ཉི་མ་དང་བྱིས་པ་རྣམས་སྔ་མོ་ནས་རྨི་ལམ་གྱི་ཞིང་ཁམས་སུ་སླེབས་ཡོད། ཆུ་ཚོད་གཉིས་དང་སྐར་མ་བཞིའི་སྟེང་གློ་བུར་དུ་ས་ཡོམ་བྱུང་བ་རེད། ཉི་མ་གཉིད་ལས་སད་དེ་ཅི་བྱེད་འདི་བྱེད་མེད་པར་གྱུར་པ་དང་། བྱིས་པ་པང་དུ་བཟུང་ནས་མྱུར་དུ་སྒོའི་ཕྱི་རོལ་ཏུ་བྲོས།

ཅུང་མ་འགོར་བར་ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་འབྱུང་སའི་གཏིང་ཚད་སྤྱི་ལེ17ཟིན་ཡོད་པ་རེད།

ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་རྨ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ38ཡོད་པ་དང་། རྨ་ཆུ་ཡུལ་ཚོ་དང་བར་ཐག་སྤྱི་ལེ7ཡོད་ལ། མགོ་ལོག་ཁུལ་སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ175ཡོད་པ་མ་ཟད། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ385ཡོད། མགོ་ལོག་ཁུལ་གྱི་རྫོང་གཞན་དག་ལ་ཡང་ཡོམ་ཚོར་ཆེན་པོ་བྱུང་། རེས་སྐོར་དང་པོའི་ཞིབ་བཤེར་བྱས་པ་བརྒྱུད། ཟླ5པའི་ཚེས22ཉིན་གྱི་ཆུ་ཚོད་བཅུའི་བར། རྨ་སྟོད་དང་རྨ་ཆེན་རྫོང་གི་མང་ཚོགས་བརྒྱད་ལ་རྨས་སྐྱོན་ཅུང་ཡང་མོ་ཕོག་པ་དང་། མང་ཚོགས་ཁག་གཅིག་གི་སྡོད་ཁང་དང་ཕྱུགས་ཁང་ལ་གནོད་འཚེ་ཕོག བགྲོད་ལམ་དང་ཟམ་པ་ཁག་ཅིག་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད།

གནོད་ཐེབས་གནས་ཚུལ་ནི་བཀའ་རྒྱ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིན་བཅས་ཀྱིས་ཐོག་མའི་དུས་ཚོད་ནང་བྱ་བར་བཀོད་སྒྲིག་བྱས། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་སྤྱིའི་འཕྲལ་སྒྲུབ་སྔོན་ཇུས》དང《མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་འཕྲལ་སྒྲུབ་སྔོན་ཇུས》གཞིར་བཟུང་ནས། མཚོ་སྔོན་གྱིས་ནམ་གུང་གི་ཆུ་ཚོད་གཉིས་དང་སྐར་མ་སུམ་ཅུའི་སྟེང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་གྱི་རིམ་པ་གཉིས་པའི་འཕྲལ་སྒྲུབ་སྔོན་ཇུས་ལག་ལེན་བསྟར་མགོ་བརྩམས། ཞིན་ཁྲང་ཞིན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་མྱུར་དུ་ཞིང་ཆེན་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་སུ་སོང་ནས་བཀོད་འདོམས་བྱས་པ་དང་། ཞིང་ཆེན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་ཁོངས་མིའི་ཚན་ཁག་སྒྲིག་འཛུགས་བྱས་ཏེ་གྲོས་མོལ་ཞིབ་འཇུག་དང་ཉེན་འགོག་གནོད་སེལ་གྱི་བྱ་བ་སྒྲུབ།

རོགས་སྐྱོབ་དང་གནོད་སྐྱོན་བྱུང་ཚད་ཀྱི་འགྲན་བསྡུར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། དེ་མིན་ཞིང་ཆེན་འཕྲལ་སྒྲུབ་དང་དམངས་སྲིད། རྒྱ་གྲམ་དམར་པོ་ཚོགས་པ་སོགས་སྡེ་ཁག་གིས་མྱུར་དུ་གནོད་སེལ་ལམ་སྲོལ་ལག་ལེན་དུ་བསྟར་ནས། དུས་ཐོག་ཏུ་མི་སྣར་གནོད་འཚེ་ཕོག་ཚུལ་གྱི་གནས་ཚུལ་རྒྱུས་ལོན་བྱས།

འབྲེལ་ཡོད་ས་ཁུལ་དང་བཅའ་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་རུ་ཁག དེ་མིན་ས་ཡོམ་དང་འགྲིམ་འགྲུལ། ཆུ་བེད། བཟོ་འཕྲིན། སྡོད་ཁང་དང་འཛུགས་སྐྲུན། རང་བྱུང་ཐོན་ཁུངས། སློབ་གསོ། འཕྲོད་བསྟེན་བདེ་ཐང་། འཕྲིན་གཏོང་། གློག་ཤུགས་སོགས་སྡེ་ཁག་དང་། ལས་ཁུངས་ཀྱིས་མྱུར་དུ་རོགས་སྐྱོབ་དང་། གནོད་འཚེའི་གནས་ཚུལ་བསྡོམས་རྩིས། རྐྱེན་ངན་ཞིབ་བཤེར་དང་རོགས་སྐྱོབ་བཅས་ཀྱི་བྱ་བ་རྩ་འཛུགས་བྱས་ནས་སྒྲུབ།

ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་གྱིས་མགོ་ལོག་ས་ཁུལ་ལ་བྲེལ་མྱུར་གྱིས་གནོད་སེལ་དངོས་རྫས་རིགས་ཉེར་གསུམ་དང་། བསྡོམས་པས་གནོད་སེལ་དངོས་རྫས་ཁྲི་གསུམ་དང་སྟོང་བཞི་ལྔ་བརྒྱ་བཅུ་གཅིག་དུས་ཐོག་ཏུ་བསྐྱལ་བ་དང་། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་དུས་ཐོག་ཏུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་གནས་ཚུལ་བསྒྲགས།

ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རོགས་སྐྱོབ་རུ་ཁག་ཆེ་གྲས་བཞི་དང་། ཡང་གྲས་ཀྱི་རོགས་སྐྱོབ་རུ་ཁག་དྲུག མེ་གསོད་རླངས་འཁོར་བརྒྱ་དང་རེ་དགུ། བཀོད་འཐབ་པ་བདུན་བརྒྱ་དོན་ལྔ་བཅས་གཅིག་བསྡུས་བྱས་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་བྱེད་པར་མངག

ལན་ཐེན་རོགས་སྐྱོབ་རུ་ཁག་དང་། སེམས་ཁམས་བློ་འདྲི་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཧོང་ཞིན་འཚོལ་སྐྱོབ་ཁྱིའི་རུ་ཁག ལྗང་མདོག་རོགས་སྐྱོབ་ལྟེ་གནས། མཚོ་སྔོན་ཧྥེ་ལུང་མཁའ་འགྲུལ(ཐད་འཕུར་གནམ་གྲུ)སོགས་འཕྲལ་སྒྲུབ་རོགས་སྐྱོབ་སྟོབས་ཤུགས་བསྡུ་རུབ་བྱས་ནས་བཀའ་ལ་སྒུག་ཡོད།

གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བསྒྲགས་འོང་། ཡུས་ཧྲུའུ་ནས་གུང་ཧོ་བར་གྱི་རྐྱང་ཐང་ཟམ་ཆེན་གཉིས་པ་དང་། མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་འཕྲང་དམར་ཟམ་ཆེན།  དེ་མིན་གཏོར་སྐྱོན་ཚབས་ཆེན་ཕོག་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་མྱུར་ལས་བྱེད་བཞིན་ཡོད། ཡུས་ཧྲུའུ་ནས་གུང་ཧོ་བར་དང་། མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་གནས་སྐབས་བཀག་སྡོམ་བྱས་ཡོད་ལ། ཞིང་ཆེན་འགྲིམ་འགྲུལ་སྡེ་ཁག་གི་ཤར་བགྲོད་འགན་ལེན་གྱི་འཕྲལ་སྒྲུབ་སྔོན་ཇུས་ལག་བསྟར་བྱེད་མགོ་བརྩམས་ཡོད། གློག་ཤུགས་གཙོ་རྐང་འཁོར་རྒྱུག་རྒྱུན་ལྡན་ཡིན་པ་དང་། གནོད་སྐྱོན་ཕོག་པ་རྣམས་ཀྱང་མྱུར་ལས་བྱེད་བཞིན་ཡོད།

ཚེས22ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་པའི་བར། རྨ་སྟོད་རྫོང་གིས་བསྡོམས་པས་མི་སྟོང་ལྔ་དང་བཞི་བརྒྱ་དགུ་གནས་སྤོ་བཀོད་སྒྲིག་བྱས་པ་དང་། སློབ་གྲྭ་དང་སྨན་ཁང་། རྒན་གསོ་ཁང་སོགས་སུ་འཕྲལ་སྒྲུབ་རོགས་སྐྱོབ་སྦྲ་གུར་སུམ་བརྒྱ་བདུན་ཅུ་ཕུབ་ཡོད། རྒྱལ་ཁབ་གློག་དྲ་དང་རང་འབབ་ཆུའི་ཀུང་སི། གློག་འཕྲིན་གཉེར་སྐྱོང་ཚོང་པ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་གློག་ཤུགས་དང་འགྲིམ་འགྲུལ། འཕྲིན་གཏོང་། འཐུང་ཆུ་བཅས་ཀྱི་བདེ་འཇགས་འགན་ལེན་བྱས་ཡོད།

བརྩེ་སེམས་གཅིག་བསྡུས་དང་སྟོབས་ཤུགས་བརྒྱུད་སྒྲོག་བྱེད་བཞིན་ཡོད།

ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་མྱུར་དུ་སྨན་བཅོས་རོགས་སྐྱོབ་རུ་ཁག་རྩ་འཛུགས་བྱས་ནས། མཚན་བརྒྱབ་ནས་རྨ་སྟོད་རྫོང་མཁར་དུ་འབྱོར་བ་མ་ཟད། ད་དུང་ཡུལ་ཧྲུའུ་ཁུལ་གྱིས་རྨ་སྟོད་རྫོང་ལ་ཞལ་འདེབས་བརྒྱབ་པའི་སྲིང་བལ་གྱི་སྦྲ་གུར་བརྒྱ་དང་བཅུ་འཁྱེར་ཡོང་ཡོད།

རྨ་སྟོད་རྫོང་སྲིད་གཞུང་ཐང་ཆེན་གྱི་ཡོམ་འགོག་གནོད་སེལ་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་གི་རོགས་སྐྱོབ་མི་སྣས་གྲངས་ཀ་མང་པོ་མེད་པའི་རང་ཉིད་ཀྱི་ཟས་རིགས་གནོད་ཐེབས་ས་ཁུལ་གྱི་བྱིས་པ་རྣམས་ལ་བྱིན་པ་དང་། གྲོགས་པོ་ཆུང་ཆུང་ཚོས་སྐད་དམའ་མོས་ཐུགས་རྗེ་ཆེ་ཞུས།

སློབ་མ་ཚང་མ་བཀོད་སྒྲིག་ཡག་པོ་བྱས་རྗེས། རྨ་ཆུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་རྡོ་ཐར་དང་ལས་རོགས་ཚོས་ཐོག་མའི་དུས་ཚོད་ནང་ཡུལ་དངོས་ཀྱི་འདྲ་པར་ཁྱིམ་བདག་ཚོགས་པར་བསྐུར་བས་ཁྱིམ་བདག་ཚོ་བློ་བདེ་པོ་བྱུང་ཡོད།

ས་ཡོམ་བྱུང་རྗེས་བཀོད་སྒྲིག་བྱས་པའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་ཡིན་པའི་ཆ་ནས། རྨ་སྟོད་རྫོང་བོད་ཡིག་བཅའ་སྡོད་སློབ་འབྲིང་གི་ལུས་རྩལ་ར་བའི་ནང་དུ། སློབ་མ་རྣམས་སྐོར་དང་སྐོར་བྱས་ནས་དགའ་སྤྲོའི་ངང་རྩེད་མོ་རྩེ་བཞིན་མཆིས།

མཚན་མོ་གྲང་ངར་ཆེ་བའི་ཁ་ཆར་འདྲེས་མ་བབས་པ་དང་རྨ་སྟོད་རྫོང་མཁར་གྱི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས།

གནས་སྐབས་ཕུབ་པའི་སྦྲ་གུར་ནང་རོགས་སྐྱོབ་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད། དྲོད་ཚད་སྔ་མོ་ནས་གོར་ཐིག་མན་ལ་སླེབས་ཡོད་པ་དང་། དབྱང་དབུགས་དཀོན་ལ་གྲང་ངར་ཆེ་བའི་ཁོར་ཡུག་འོག་ཆུ་ཚོད་བཅུ་ལྷག་ལ་བསྟུད་མར་བྱ་བ་སྒྲུབ་བཞིན་ཡོད་པས། རོགས་སྐྱོབ་རུ་མི་ཚོར་མཚོན་ན་དེ་ནི་ལུས་ཁམས་དང་སེམས་ཁམས་གཉིས་ཀར་ཚོད་བགམ་བྱེད་པ་ཞིག་རེད།

སྐབས་འདིར་མཚོ་ལྷོ་ཁུལ་གྱི་གནོད་སེལ་དངོས་རྫས་མཚན་བརྒྱབ་ནས་མགོ་ལོག་ཁུལ་དུ་སྐྱེལ་འདྲེན་བྱས་ཡོད།

སྐབས་འདིར། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོས་མངགས་གཏོང་བྱས་པའི་ཆེད་མཁས་པ་བཞི་གནོད་ཐེབས་ས་ཁུལ་དུ་འབྱོར།

ནམ་གུང་དུ་སླེབས་ཡོད་རུང་། མཚོ་སྔོན་ཉིན་རེའི་ཚགས་པར་གྱི5·22རྨ་སྟོད་ས་ཡོམ་འཕྲལ་སྒྲུབ་བཅར་འདྲི་ཚན་ཆུང་གི་གསར་འགོད་པ་ད་དུང་གློག་ཀླད་མདུན་དུ་ལས་ལ་བྲེལ་བཞིན་འདུག

ཡིག་སྒྱུར་བ། ཤ་བོ་རིན་མཚོ།