རྨ་སྟོད་རྫོང་དུ་ས་འགུལ་རྗེས་ཡང་བསྐྱར་སློབ་ཁྲིད་བྱེད་མགོ་ཚུགས།
2021.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་སློབ་ཁྲིད་མགོ་རྩོམ་པའི་བྱེད་སྒོ་སྤེལ་བ་དང་། རྫོང་ཐོག་ཏུ་སློབ་གྲྭ་ཆུང་འབྲིང་ལྔ་ཡོད་པ་ཚང་མས་སློབ་ཁྲིད་བྱེད་མགོ་ཚུགས། 

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ནམ་གུང་རྨ་སྟོད་རྫོང་དུ་ཚད་རིམ་བདུན་ཚེག་བཞིའི་ས་འགུལ་བྱུང་བ་དང་། རྫོང་ཐོག་ཏུ་སློབ་གྲྭ་ལྔ་ཡོད་པ་ཚང་མར་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་བྱུང་། གཟའ་མཇུག་གི་རྗེས་སུ་སློབ་ཁྲིད་སླར་གསོ་བྱེད་ཆེད་རྨ་སྟོད་རྫོང་སྲིད་གཞུང་གིས་དུས་ཚོད་དང་པོར་བཀོད་སྒྲིག་བྱས་ཏེ། སློབ་མ་རྣམས་བདེ་འཇགས་ངང་གནས་སྤོར་བྱས་པ་དང་སྦྲ་གུར་ཉལ་ཁང་ཕུབ་ནས་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཡག་པོ་སྐྲུན་ལ།  སློབ་གྲྭ་དག་ལ་ཐོག་མར་ཟས་རིགས་དང་དངོས་རྫས་བྱིན།

དུས་མཚུངས་སུ་ས་འགུལ་བྱུང་ཡུལ་དུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་ཟིའི་མི་སྣ་དང་དངོས་ཟོག་རྩ་འཛུགས་བྱས་ཏེ་གསར་དུ་ཕུབ་པའི་སྦྲ་གུར་སློབ་གྲྭར་གློག་འཐེན་པའི་བྱ་བའི་ཁྲོད་ཞུགས་པ་དང་། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་ནམ་གུང་གི་དུས་ཚོད་བཅུ་གཅིག་དང་སྐར་མ་བཅོ་བརྒྱད་སྟེང་སྦྲ་གུར་ཚང་མར་གློག་འཐེན་ཚར་ནས། གནོད་ཁུལ་གྱི་སློབ་བུ་རྣམས་ལ་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་པོ་ཞིག་སྐྲུན།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ས་འགུལ་བྱུང་རྗེས་རྨ་སྟོད་རྫོང་སློབ་གསོ་སྡེ་ཁག་གིས་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་པུའུ་དང་ལས་ཁུངས་སོ་སོ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རོགས་འདེགས་འོག་ཚེས་ཉེར་གཉིས་དང་ཚེས་ཉེར་གསུམ་གཉིས་ལ་རྫོང་མཁར་དང་རྨ་ཆུ་ཡུལ་ཚོ་སོགས་སུ་སྦྲ་གུར་བརྒྱ་དང་གྱ་བཞི་ཕུབ་པ་དང་སློབ་ཁྲིད་བྱ་བ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པའི་དུས་རིམ་སྔོན་མའི་བྱ་བ་ལེགས་པར་སྒྲུབ།

མི་ཕམ་མགོན་པོས་བསྒྱུར།