རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2021.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

གསར་འགོད་པས་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་བསྡུས་པའི་མཚོ་སྔོན་རྨ་སྟོད་ཀྱི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ས་འགུལ་བརྟག་དཔྱད་ཁང་གིས་བསྒྲགས་དོན། 2021ལོའི་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་བཅུའི་བར་དུ་བསྡོམས་པས་ས་འགུལ་ཆེ་ཆུང་ཐེངས་སྟོང་གཅིག་དང་བརྒྱད་བརྒྱ་དོན་གཉིས་བྱུང་བ་དང་། དེའི་ཁྲོད་ཚད་རིམ་ལྔ་ནས་ཚད་རིམ་ལྔ་དང་གྲངས་ཆུང་དགུ་བར་གྱི་ས་འགུལ་ཐེངས་གཅིག་བྱུང་ལ། ཚད་རིམ་བཞི་ནས་ཚད་རིམ་བཞི་དང་གྲངས་ཆུང་དགུ་བར་གྱི་ས་འགུལ་ཐེངས་ལྔ་བཅུ་བྱུང་། ཚད་རིམ་གསུམ་ནས་ཚད་རིམ་གསུམ་དང་གྲངས་ཆུང་དགུ་བར་གྱི་ས་འགུལ་ཐེངས་སུམ་ཅུ་བྱུང་བ་དང་། ཆེས་ཆེ་བའི་ཡོམ་འཕྲོ་ནི་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་ལ་སླེབས། མིག་སྔར་གྱི་ཡོམ་འཕྲོའི་ལྟ་ཞིབ་གྲུབ་འབྲས་ལ་བལྟས་ན། ཡོམ་འཕྲོའི་བར་སྟོང་གི་ཁྱབ་ཚུལ་རིང་ཚད་སྤྱི་ལེ་བརྒྱ་དང་བདུན་ཅུ་ལ་སླེབས་ན་ཡང་། དུས་ཚོད་སྟེང་ཉམས་ཞན་དུ་འགྲོ་བཞིན་པའི་ཁྱད་ཆོས་མངོན་ཡོད་ཟེར།

ཐོག་མའི་རྟོག་སེལ་བརྒྱུད་དེ། ཐེངས་འདིའི་ས་འགུལ་ཁྲོད་བསྡོམས་པས་མགོ་ལོག་དང་ཡུས་ཧྲུའུ་ཁུལ་གཉིས་ཀྱི་རྫོང་དྲུག་དང་ཡུལ་ཚོ་དང་གྲོང་རྡལ་ཉེར་དྲུག་གི་མི་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་སོ་གཅིག་ལ་གནོད་ཐེབས། ཟླ་ལྔ་བའི་ཚེར་ཉེར་བཞི་ཉིན་གྱི་དུས་ཚོད་བརྒྱད་བར་དུ། བསྡོམས་པས་རྨས་མ་བཅོ་བརྒྱད་སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་པ་དང་། མི་བཅུ་བདུན་ལ་སྨན་བཅོས་བྱས་ནས་སྨན་ཁང་ནས་ཕྱིར་བུད། མི་གཅིག་ད་དུང་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་བཞིན་ཡོད།

རྨ་སྟོད་རྫོང་གིས་སྦྲ་གུར་སློབ་ཁང་ཕུབ་ནས་གནས་སྐབས་ཀྱི་སློབ་ཁྲིད་བྱེད་ས་བྱས་པ་དང་། ཚེས་ཉེར་བཞི་ཉིན་སློབ་གྲྭ་ཆུང་འབྲིང་ཚང་མ་ཡང་བསྐྱར་སློབ་ཁྲིད་བྱེད་ཐུབ་བྱུང་། གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་བྱེད་སའི་གློག་དང་ཆུ་རྒྱུན་ལྡན་ངང་བཀོལ་སྤྱོད་བྱེད་ཐུབ་པ་བྱུང་།

ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དགུ་བཏང་སྟེ། གནོད་ཐེབས་མང་ཚོགས་ཀྱི་འཕྲལ་བསྟུན་རྒུད་སྐྱོབ་དང་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་དང་གནོད་སྐྱོབ་དངོས་ཟོག་ཉོ་སྒྲུབ་སོགས་ཕྱོགས་ཀྱི་བྲེལ་མྱུར་དགོས་མཁོ་ལ་འགན་སྲུང་བྱས་པ་དང་། རྡོ་སོལ་དང་དྲོད་འདོན་ཐབ་ཀ་དང་གྲང་འགོག་དངོས་ཟོག་གཞན་བཅས་གནོད་ཐེབས་ས་ཁུལ་དུ་ཐོན་ལ། བསྡོམས་པས་རིགས་མི་འདྲ་བའི་རྒུད་སྐྱོབ་དངོས་ཟོག་ཁྲི་བཞི་དང་སྟོང་གསུམ་ང་གཉིས་གནོད་ཐེབས་ཁུལ་དུ་འབྱོར་ཡོད། མིག་སྔར་གནོད་ཐེབས་ས་ཁུལ་གྱི་དངོས་ཟོག་ཉར་གསོག་འཛོམ་པོ་ཡིན་པ་དང་། དམངས་ཚིས་ཚོང་རྫས་ཚོང་རའི་རིན་གོང་གཏན་འཇགས་ཡིན་ལ། ཞིང་ཆེན་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས་རྒྱུན་མཐུད་ངང་གནོད་ཐེབས་ས་ཁུལ་གྱི་རྗེས་མཐུད་ཚོང་རྫས་མཁོ་འདོན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།

ཞིང་ཆེན་རིམ་པའི་གཞུང་ལམ་འཕྲང་དམར་ཆུ་བོའི་ཟམ་ཆེན་གྱི་གནས་སྐབས་ཀྱི་བགྲོད་ལམ་ཞིག་གསོ་བྱས་ནས་རླངས་འཁོར་ཤར་བགྲོད་བྱེད་ཐུབ་པ་དང་། རྒྱལ་ལམ་ཐིག་དྲུག་གཅིག་གསུམ་གྱི་གུང་ཧོ་ནས་ཡུས་ཧྲུའུ་བར་མཚམས་ཀྱི་མཛོ་རྒན་ར་བར་ནས་ཡུས་ཧྲུའུ་རུ་བགྲོད་སའི་གཞུང་ལམ་བཀག་ཡོད་པ་དང་། རྒྱལ་ལམ་ཐིག་དྲུག་གཅིག་ལྔའི་མཛོ་རྒན་ར་བར་ནས་གཅིག་སྒྲིལ་བར་མཚམས་ཀྱི་མཛོ་རྒན་ར་བར་གྱི་ལམ་གཙོ་བོར་འགྲིམ་འགྲུལ་བཀག་སྡོམ་བྱས། འབྲེལ་ཡོད་སྡེ་ཁག་དང་ལས་རིགས་སོ་སོའི་ཆེད་མཁས་པའི་དཔུང་སྡེ་ཡིས་འགན་འཁྲི་ལྟར་ལས་བགོ་བྱས་པ་དང་། ལས་རིགས་བགོ་བ་དང་ཁྱབ་ཁོངས་བགོས་ཏེ་སྟོབས་ཤུགས་རྩ་འཛུགས་བྱས་ནས་གནོད་འཚེ་ལྟ་ཞིབ་ཞིབ་གཅོད་དང་ཉེན་སེལ་བཅོས་སྐྱོང་། རྒུད་སྐྱོབ་རོགས་སྐྱོར་སོགས་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྤེལ།

ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་བར་དུ། ཞིང་ཆེན་ས་འགུལ་ཅུའུ་ཡི་ཡུལ་དངོས་བྱ་བའི་རུ་ཁག་འཁོར་རྒྱུག་ལྟ་ཞིབ་ཚན་ཆུང་གིས་གནོད་ཐེབས་ས་ཁུལ་དུ་འཁོར་རྒྱུག་ས་འགུལ་ལྟ་ཞིབ་ས་ཚིགས་དགུ་བཙུགས་པས། གནོད་ཐེབས་ས་ཁུལ་གྱི་ས་འགུལ་ལྟ་ཞིབ་ནུས་པ་རིམ་པ་གཉིས་དང་གྲངས་ཆུང་ལྔ་ནས་རིམ་པ་གཅིག་དང་གྲངས་ཆུང་ལྔར་ཇེ་མཐོར་སོང་།

ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ས་འགུལ་ཅུའུ་ཡུལ་དངོས་བྱ་བའི་རུ་ཁག་ས་འགུལ་གྱི་ཚབས་ཚད་རྟོག་ཞིབ་ཚན་ཆུང་གིས་རྨ་ཆུ་ཡུལ་ཚོ་ནས་ཐེངས་འདིའི་ས་འགུལ་གས་སྲུབས་བྱུང་ས་གཙོ་བོ་རྙེད། ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་བར་དུ། ཞིང་ཆེན་ས་འགུལ་ཅུའུ་ཡུལ་དངོས་ས་འགུལ་ཚབས་ཚད་རྟོག་ཞིབ་ཚན་ཆུང་གིས་ཡུལ་ཚོ་དང་གྲོང་རྡལ་དགུ་ཡི་ས་འགུལ་ཚབས་ཚད་རྟོག་ཞིབ་བྱ་ཡོངས་འགྲུབ་བྱས་པ་དང་། དེ་དང་མཉམ་དུ་ས་འགུལ་གས་སྲུབས་དུམ་མཚམས་ནུབ་མའི་ས་ངོས་གས་སྲུབས་བྱུང་སར་བརྟག་བཤེར་བྱས།

རིན་ཆེན་མཚོས་བསྒྱུར།