རྨ་སྟོད5.22ཡོམ་འགུལ་ཁྲོད་རྫོང་བདུན་དང་ཡུལ་ཚོ་བཞི་ཅུ། མི་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་ཉེར་གཅིག་ལ་གནོད་པ་ཐེབས།
2021.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 94

ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་མཚོ་སྔོན་རྨ་སྟོད5.22ཡོམ་འགུལ་གནོད་འགོག་རྒུད་སྐྱོབ་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་རྒྱུས་ལོན་པ་ལྟར་ན། རྗེས་ཀྱི་རྟོག་ཞིབ་བརྒྱུད་དེ། ཐེངས་འདིའི་ས་འགུལ་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། པདྨ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་བཅས་རྫོང་བདུན་དང་ཡུལ་ཚོ་བཞི་ཅུ། མི་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་ཉེར་གཅིག་ལ་གནོད་པ་ཐེབས། ཟླ་ལྔ་བའི་ཚེས་ཉེར་ལྔའི་ཉིན་གྱི་དུས་ཚོད་བརྒྱད་བར་དུ་གསར་དུ་མིར་རྨས་ཕོག་པའི་གནས་ཚུལ་བྱུང་མེད།

མཚོ་སྔོན་ཡོམ་འགུལ་བརྟག་དཔྱད་ལས་ཁུངས་ཀྱི་དྲ་བའི་ཚད་ལེན་གཏན་ཁེལ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་བའི་ཚེས་ཉེར་ལྔའི་དུས་ཚོད་བཅུའི་བར་དུ་ཚད་རིམ་གསུམ་ཡན་གྱི་ཡོམ་འཕྲོ་ཐེངས་ཞེ་དྲུག་ཐོ་འགོད་བྱས།  དེའི་ཁྲོད་ཚད་རིམ་གསུམ་ནས་གསུམ་དང་གྲངས་ཆུང་དགུའི་བར་གྱི་ཡོམ་འཕྲོ་ཐེངས་སོ་གཉིས་དང་ཚད་རིམ་བཞི་ནས་བཞི་དང་གྲངས་ཆུང་དགུའི་བར་གྱི་ཡོམ་འཕྲོ་ཐེངས་བཅུ་གསུམ། ཚད་རིམ་ལྔ་ནས་ལྔ་དང་གྲངས་ཆུང་དགུའི་བར་གྱི་ཡོམ་འཕྲོ་ཐེངས་གཅིག་བཅས་བྱུང་། ཚད་རིམ་ཆེས་མཐོ་བ་ནི་ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་བཅུ་དང་སྐར་མ་ཉེར་དགུའི་སྟེང་བྱུང་བའི་ཚད་རིམ་ལྔ་དང་གྲངས་ཆུང་གཅིག་ཅན་གྱི་ཡོམ་འཕྲོ་རེད། མིག་སྔའི་ཡོམ་འཕྲོ་བརྟག་དཔྱད་ཀྱི་མཇུག་འབྲས་ལྟར་ན། ཡོམ་འཕྲོའི་བར་སྟོང་ཁྱབ་ཚད་སྤྱི་ལེ་བརྒྱ་དང་བདུན་ཅུར་སླེབས་པ་དང་དུས་ཚོད་ལྟར་མར་འགྲིབ་པའི་རྒྱུན་ལྡན་གྱི་རྣམ་པ་ཆགས་ཡོད།

མི་ཕམ་མགོན་པོས་བསྒྱུར།