རྨ་སྟོད་ས་ཡོམ་ལས་རྨས་སྐྱོན་ཕོག་པའི་མི་སྣ་གསར་སྣོན་བྱུང་མེད།
2021.05.26 ཁུངས། ཀློག་གྲངས། 9

གསར་འགོད་པའི་མཚོ་སྔོན་རྨ་སྟོད5.22ས་འགུལ་ཡོམ་འགོག་རོགས་སྐྱོབ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དྲུག་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་། ཡུས་ཧྲུའུ་ཁུལ་ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་བཅས་རྫོང7དང་ཡུལ་ཚོ། གྲོང་རྡལ40ཡི་མི35521ལ་གནོད་འཚེ་ཐེབས། ཟླ5བའི་ཚེས25ཉིན་གྱི་སྔ་དྲོའི་དུས་ཚོད8བར། རྨས་སྐྱོན་བྱུང་བའི་མི་གསར་བ་བྱུང་མེད། མིག་སྔར་གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་སྒྲིག་འགོད་དང་དམངས་ཀྱི་འཚོ་བ་བདེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་བསྡོམས་པའི་གནོད་སེལ་རོགས་སྐྱོབ་དངོས་ཟོག68367དང་ཁ་ཐུམ65300གནོད་ཐེབས་ས་ཁུལ་ལ་འབྱོར་ཡོད།

མགོ་ལོག་ཁུལ་གྱིས་གློ་བུར་དུ་བྱུང་བའི་དོན་རྐྱེན་རིམ་པ་དང་པོའི་བཀའ་ཁྱབ་དང་ལེན་ལག་བསྟར་བྱས་པ་དང་། དེ་དང་བསྟུན་ནས་མགྱོགས་མྱུར་ངང་ཏང་ཡོན་ལས་བྱེད་པ་ཚོ་གནོད་ཐེབས་ས་ཁུལ་གྱི་ཁྱིམ་ཚང་རེ་རེར་སོང་ནས་གནོད་ཐེབས་གནས་ཚུལ་རྒྱུས་ལོན་བྱས་བ་དང་། མི་དམངས་ལ་སེམས་གསོ་བྱས་ཏེ་ཕྱོགས་ཡོངས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་འགན་སྲུང་བྱས།

ཚེས24ཉིན། ཞིང་ཆེན་ཡོམ་འགོག་རོགས་སྐྱོབ་བཀོད་འདོམས་པུའུ་ཡིས་ཆེད་དོན་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པ་དང་། ཚོགས་འདུའི་ཐོག་རིམ་ཁག་སྡེ་ཚན་གྱིས་ཡོམ་འགོག་རོགས་སྐྱོབ་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ་དང་ཆབས་ཅིག་ཡོམ་འགོག་རོགས་སྐྱོབ་དང་། མང་ཚོགས་ཀྱི་འཚོ་བའི་འགན་སྲུང་། བདེ་འཇགས་བརྟན་ལྷིང་བཅས་ལ་སྤྱི་འདོམས་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། གནོད་འཚེའི་གནས་ཚུལ་ལ་ཡོངས་ཁྱབ་ཞིབ་བཤེར་དང་དཔྱད་དཔོག་སོགས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་ནས། གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་དང་ཡུན་རིང་འཕེལ་རྒྱས་གཏོང་བར་གཅིག་གྱུར་ངང་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་དང་ལས་འགན་དོན་འཁྱོལ་བྱེད་པ། ལྟ་སྐུལ་སློབ་སྟོན་དང་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། ༼བདེ་འཇགས་ཡིན་པ་དང་ནུས་ཤུགས་ལྡན་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ། མཐུན་སྒྲིལ་སྤྱོད་གཙང༽བཅས་ཀྱི་བླང་བྱ་གཞིར་བཟུང་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བཅས་བྱས་རྗེས་ཧུར་ཐག་བཞག་ནས་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

མིག་སྔར་ཡོམ་འགོག་རོགས་སྐྱོབ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། མང་ཚོགས་ནི་ལས་དོན་མཐའ་དག་གི་མགོ་འཛུགས་ས་དང་ལས་དོན་མཐའ་དག་གི་འབབ་ས་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ༼བདེ་འཇགས་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། མང་ཚོགས་ནི་རྨང་གཞི་གཙོ་བོ་ཡིན་པའི༽འདུ་ཤེས་ཤུགས་ཆེ་རུ་བཏང་ནས། གནོད་ཁུལ་གྱི་དྲོད་སྲུང་། ཆུ་སྲུང་། གསང་སྤྱོད་འགན་ལེན། བདེ་འཇགས་འགན་ལེན། འཕྲོད་བསྟེན་འགན་ལེན། མཁོ་སྤྲོད་འགན་ལེན་སོགས༼འགན་ལེན་དྲུག༽གི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་དགོས།