ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་བརྡ་སྦྱོར།
2021.05.06 ཁུངས། ཀློག་གྲངས། 959

ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ་སྤེལ་བའི་བརྡ་སྦྱོར།

དཔྱིད་ཀྱི་དཔལ་མོ་ས་འཛིན་ཕང་བར་ཕེབས་ནས་སྐྱེ་རྒུ་གཉིད་ལས་བསླངས་ཤིང་།  གསོན་ཤུགས་རྣམ་པར་རྒྱས་པའི་བྱིན་རླབས་ཆབ་ཀྱིས་བྲན་པ་ན། ནོར་འཛིན་སྒེག་མོས་འཕྱོར་སྒེག་ལུས་ལ་སྤྲས་ཤིང་སྤྲུལ་བའི་གར་ལ་བསྒྱུར་ཏེ་ཡིད་འོང་གི་མཛེས་སྡུག་ངོམ་བཞིན་འདུག་ལ། དབྱར་གྱི་ལྷ་མོའང་གནས་མཆོག་ལྷ་ཡི་དགའ་ཚལ་ནས་མི་ཡུལ་མགྲོན་ལ་ཆས་པར་བརྩམས་པར། ལྗང་བ་གཡུ་ལོ་ཕེབས་བསུའི་ལམ་ལ་བྲེལ་ཞིང་། སྡུག་པ་མེ་ཏོག་མཆོད་པའི་གྲལ་ལ་བསྒྲིགས་པ་དང་། སྐྱེན་པ་འདབ་ཆགས་སྐད་སྙན་གསེང་སེལ་བྱ་དུས། སེམས་ཅན་ཕོ་མོ་དག་ཀྱང་ལང་ཚོའི་སྣང་བ་རྒྱས་ནས་ཕ་རོལ་གཞན་སྣང་འགུག་པའི་དུས་ལ་བབས་སོ་སྙམ་ནས། ཁྲ་ཆུང་སྦྲང་མ་འཕུར་འཕུར་དང་སྙིང་ཆུང་ལུ་གུ་རྩེད་རྩེད་བྱས་ནས་དབྱར་གྱི་ལྷ་མོ་མི་ཡུལ་དུ་ཕེབས་པ་ལ་ངང་སྒུག་བྱེད་བཞིན་འདུག

དུས་དེར་གངས་ཅན་ཕོ་མོའི་རུས་རྐང་ལ་སིམ་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའང་ད་ལོའི་དབྱར་ཁའི་མགྲོན་ལ་ཕེབས་རྒྱུ་ཡིན་ཞིང་། ལང་ཚོའི་སྣང་བ་གླུ་ལ་དྲངས་ནས་གཞན་སྣང་མཐུན་པའི་བརྩེ་བར་འགུག་པའི་ཨ་ལོང་དགུ་སྒྲིལ་གྱི་སྐལ་བ་བཟང་པོ་དེའང་དུས་ལྟར་སླེབས་རྒྱུ་རེད།

གངས་ཅན་ཕོ་མོའི་སྙིང་གི་ཟེའུ་འབྲུ་དང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ་དེ། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས3ཉིན་ནས་བཟུང་སྤེལ་རྒྱུ་ཡིན།

ལ་གཞས་འགྲན་སྡུར་སྐབས་བདུན་པ།


ལ་གཞས་འགྲན་སྡུར་སྟེང་གི་ལྟད་མོ་བ།

ལ་གཞས་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་། བློ་ཡི་འཆར་སྣང་། བསམ་བློའི་འདུ་ཤེས་སོགས་བརྗོད་བདེ་ཞིང་གོ་བདེ་བའི་ཚིག་གི་ཕྲེང་བ་དེ་སྙན་མོ་ངག་གི་འགྱུར་ཁུག་ལ་དྲངས་ནས་ཕོ་མོ་བར་གྱི་ལྷད་མེད་བརྩེ་འདང་བརྗོད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་བསྔགས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན་ཞིང་། འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པར་མ་ཟད། བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ནོར་ཡིན་ལ། ༢༠༠༦ལོར་རིམ་པ་དང་པོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བདམས། དེ་ཡང་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་ཆེད། ཉིས་སྟོང་དགུའི་ལོ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་མགོ་བརྩམས་པ་དང་། ད་ལོ་སྐབས་བདུན་པར་ཐོན་ཡོད་ལ། «སྡེ་ཆེན་རྩེད་རའི»ལེ་ཚན་ནས་བརྒྱུད་གཏོང་བྱས་པས་རྒྱ་ཆེའི་གསན་མཁན་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།

ལ་གཞས་འགྲན་སྡུར་སྟེང་གི་ལྟད་མོ་བ།