ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་མགོ་བརྩམས།
2021.06.04 ཁུངས། ཀློག་གྲངས། 1072

ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་སྐབས་བདུན་པའི་ལ་གཞས་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་མགོ་བརྩམས།

中国电信“天翼杯”第七届拉伊大赛


དབྱར་གྱི་དཔལ་མོས་འཕྱོར་སྒེག་གི་ལང་ཚོ་སྤྲོས་ཏེ་ས་འཛིན་གྱི་ཕང་བར་ལྷོད་ཀྱིས་བབས་ནས། སྐྱེ་དངོས་ཀུན་ལ་ཚེ་སྲོག་གི་གསོན་ཤུགས་གསར་བ་ཞིག་བསྩལ་བའི་དུས་ཚིགས་བཟང་པོ་འདིར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་དང་ཀྲུང་ཧྭ་མི་རིགས་ཀྱི་དམངས་སྲོལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཆེད་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་གྱི་འགྲན་ཁུལ་སོ་སོ་སྟེ། མཚོ་ལྷོ་དང་མཚོ་བྱང་། མཚོ་ནུབ། རྨ་ལྷོ། མགོ་ལོག་བཅས་འགྲན་ཁུལ་ལྔ་བོ་ནས་རིམ་བཞིན་འགྲན་སྡུར་བྱེད་པའི་མགོ་བརྩམས་པ་དང་། ཐོག་མའི་འགྲན་ཁུལ་དང་པོ་མཚོ་ལྷོ་གཏན་ཁེལ་བྱས་རྗེས་རྩ་འཛུགས་ཚན་ཆུང་སྤྱི་ཟླ་༦པའི་ཚེས༣ཉིན་ཟི་ལིང་ནས་ལམ་དུ་ཆས་ཏེ་མཚོ་ལྷོ་ཁུལ་ཐོག་ཏུ་ཐོན་པ་དང་འགྲན་སྡུར་གྱི་མགོ་རྔ་བར་གསུམ་ལ་གྲ་སྒྲིག་ལེགས་པོ་བྱས།







སྤྱི་ཟླ༦པའི་ཚེས༤ཉིན་ནས་བཟུང་འགྲན་སྡུར་བྱེད་མགོ་བརྩམས་ཏེ་ཁྱོན་སྡོམ་གླུ་བ་གླུ་མ་བཅུ་དྲུག་གིས་མིང་ཐོ་བཀོད་པ་དང་། ཨང་རིམ་ལེན་པའི་རྣམ་པ་བརྒྱུད་ནས་གླུ་བ་གླུ་མ་གཉིས་རེ་ནས་འགྲན་ཡུན་དུས་ཚོད་གཅིག་བྱས་ཏེ་མཚོ་ལྷོ་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་མགོ་བརྩམས།






འགྲན་ཞུགས་པ་རེ་རེ་ཡི་གླུ་ངག་གི་དབྱངས་རྟ་དང་རྩེད་དགོད་ཀྱི་ཉམས་འགྱུར་རེ་རེ་ཡིས་བོད་ཀྱི་དམངས་ཁྲོད་ལ་གཞས་སྒྱུ་རྩལ་ལ་གསོན་ཤུགས་གསར་བ་ཞིག་བསྣན་པ་དང་། ཐེངས་འདིའི་འགྲན་སྡུར་སྤྱིའི་ངོས་ཐད་ལ་དབུ་ཁྱུད་ཡག་པོ་ཞིག་བྲིས། །