ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་ཁུལ་གཉིས་པ་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།
2021.06.12 ཁུངས། ཀློག་གྲངས། 344

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  (གསར་འགོད་པ།  དབང་རྒྱལ་ཚེ་རིང་།)

ཐེམ་ཆེན་རི་བོའི་འདབས་རོལ།  མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ནུབ་ཕྱོགས། བེ་ཧ་ཆུ་བོའི་འགྲམ་རྒྱུད་དུ་ཆགས་པའི་རྟ་མཆོག་གི་ཡུལ་གྲུའམ་ལྷ་མཚོའི་འབྱུང་ཡུལ་དུ་གྲགས་པའི་ཐེམ་ཆེན་རྩྭ་ཐང་ནི་མཛེས་སྡུག་གི་དཔལ་ལ་འགྲན་པའི་ལང་ཚོའི་མཆོད་པ་ཞིག་ཡིན་ལ། རྩྭ་ཐང་ཡངས་པོ་མལ་གདན་བཏིང་འདྲའི་ཡངས་བའི་སྤང་ཐང་ཆེན་མོའི་ཕང་བ་རུ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་ཞིང་བྱ་བྱིའུ་འབའ་འབུ་ཀུན་གྱིས་གསུང་སྐད་སྙན་མོ་ལྷང་ལྷང་དུ་སྒྲོག་པ་ནི་རྨི་ལམ་གྱི་འཚོ་བར་རེ་སྨོན་གྱི་དྲན་སྐུལ་སློང་བ་དང་ཇི་འདྲའི་མཚུངས་ཨང་།

ཟླ་དྲུག་པ་ནི་ཞེ་མཐུན་གྱི་སྣང་བ་མཐུན་ས་ཡིན།  ཟླ་དྲུག་པ་ནི་མཛའ་གཞས་ཀྱི་དུང་སེམས་འཁྱིལ་ས་ཡིན།  ཟླ་དྲུག་པའི་ནང་ང་ཚོས་ཐེམ་ཆེན་རྩྭ་ཐང་ནས་སྲིད་པའི་གླུ་རྒན་གྱི་དབྱངས་རྟ་སྙན་མོ་དབྱངས་སུ་གྱེར་བཞིན་མེས་པོའི་ཤུལ་བཞག་གི་དྲིན་ལན་དྲིན་དུ་ཚོར།

ལ་གཞས་སྒྱུ་རྩལ་ནི་དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་ངག་ཐོག་གི་རྩོམ་རིག་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། ངག་གི་དབྱངས་རྟ་དང་། ཚིག་གི་སྒྱུ་རྩལ། དོན་གྱི་ཟབ་ཚད་ཀྱི་གསེང་རུམ་ཁྲོད་ནས་དམངས་ཀྱི་དགའ་སྐྱོ་ཆགས་སྡང་དང་། ལྷན་སྐྱེས་ཀྱི་ཤེས་རབ། འཚོ་བའི་གོམས་གཤིས། ངལ་རྩོལ་གྱི་སྙིང་སྟོབས་སོགས་མངོན་པར་མཚོན་ཡོད་པར་མ་ཟད།  འདི་ལས་མི་རིགས་ཤིག་གི་ཚེ་སྲོག་གི་འཚོ་བ་དང་། ལྷད་མེད་ཀྱི་བརྩེ་འདང་། ནང་སེམས་ཀྱི་འགྱུར་བ་སོགས་ཀྱང་མཚོན་ཡོད།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་།  མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་གནང་བའི་ཀྲུང་གོའི་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་འགྲན་ཁུལ་གཉིས་པ་སྟེ་མཚུ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ཐེམ་ཆེན་རྩྭ་ཐང་ནས་སྤེལ་མགོ་བརྩམས།

ཚེས་བཅུ་གཅིག་ཉིན་ཐེངས་འདིའི་ལ་གཞས་འགྲན་སྡུར་གྱི་རྩ་འཛུགས་ཚན་ཚུང་གིས་ཚོགས་ར་གཏན་འཁེལ་བྱས་པ་དང་འགྲན་ཞུགས་གླུ་བ་གླུ་མས་ཨང་རིམ་རྒྱན་ལེན་སོགས་ཀྱི་བྱ་བ་ཡོངས་སུ་ཚེགས་པར་བྱས། མཚོ་ནུབ་འགྲན་ཁུལ་ལ་ཁྱོན་བསྡོམས་པའི་འགྲན་ཞུགས་གླུ་བ་གླུ་མ་ཉེར་དྲུག་ཡོད་ལ།  འགྲན་ཞུགས་གླུ་བ་གླུ་མའི་ཁྲོད་དུ་ན་གཞོན་གྱི་དཔུང་སྡེ་ཤུགས་ཆེ་ཞིང་འདི་ནི་ཡག་ཐོག་ལ་ཡག་དང་། སྒ་ཐོག་ལ་ཕྲ་ཡིས་བརྒྱན་པ་ལྟ་བུའི་ཁྱད་ཆོས་ཤིག་ཡིན་པ་བསྙོན་དུ་མེད།

ཐེངས་འདིའི་འགྲན་སྡུར་ཡང་སྔོན་གྱི་སྒྲིག་སྲོལ་ལྟར་འགྲན་ཞུགས་གླུ་བ་གླུ་མ་གཉིས་རེ་བྱས་ཏེ་དུས་ཡུན་ཆུ་ཚོད་གཅིག་གི་རིང་འགྲན་སྡུར་བྱས་པ་དང་།  དཔྱད་འདེམས་པས་ཀྱང་འདྲ་མཉམ་དང་དྲང་བདེན། དྲང་བཞག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་དཔྱད་བརྗོད་བྱས། ལ་གཞས་ནི་བརྩེ་སེམས་ཀྱི་འབྲེལ་ཐག་རིང་མོ་ཞིག་ཡིན་པས་མཛེས་སྡུག་གི་འཚོ་བར་ཟུར་རྒྱན་གྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་།  འཆམ་མཐུན་དང་དགའ་སྐྱིད།  སྤྲོ་སྣང་བཅས་ཀྱིས་ཡིད་སེམས་རབ་ཏུ་བརྟས་ཏེ་དུང་སེམས་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ་ཡོད།