ས་ཐེམ་ཆེན་ཁ་ཞེང་ཆེ་ས་རེད། རོགས་ཆུང་ལོ་ཁ་སེམས་མཐུན་ས་རེད།
2021.06.12 ཁུངས། ཀློག་གྲངས། 368

སྡེ་ཆེན་རྩེད་ར་མེས་པོའི་གཅེས་ནོར་ཡིན།།

སྡེ་ཆེན་རྩེད་ར་སྲིད་པའི་ཞེ་འདང་ཡིན།།

སྡེ་ཆེན་རྩེད་ར་ཡིད་ཀྱི་དྲན་ཤིང་ཡིན།།

སྡེ་ཆེན་རྩེད་ར་སེམས་ཀྱི་ལོངས་སྤྱོད་ཡིན།།

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ།  དབང་རྒྱལ་ཚེ་རིང་།) དབྱར་དྲུག་པའི་མེ་ཏོག་གི་ཁྲོད་ན་གཡུ་སྦྲང་གི་འཕུར་རྩལ་ངོམས། དབྱར་དྲུག་པའི་སྤྲིན་དཀར་གྱི་ཀློང་ན་གླུ་སྐད་ཀྱིས་བར་སྣང་བཀང་། གནས་འདི་ན། རི་བོ་བྲག་དཀར་ཐེམ་ཆེན་གྱི་བརྗིད་ཉམས་མཁའ་རུ་འཕགས་ཤིང་། གནས་འདི་ན། གཙང་བོ་བུ་ཧ་ཆུ་བོ་ཡི་རླབས་ཕྲེང་ཕྱོགས་མེད་འཕྱོ།  གནས་འདི་ན། གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་བཀྲག་མདངས་རབ་ཏུ་འཚེར།  གནས་འདི་ན། སྡེ་ཆེན་རྩེད་རའི་གླུ་སྐད་ཀྱིས་མི་སེམས་ཀྱི་སྙན་དབང་གསོས་ཤིང་སེམས་ཀྱི་དྭངས་མ་དྲངས།

རྒྱང་གི་མགྲོན་པོ་དག་རང་ཤུགས་ཀྱིས་གནས་འདིར་འདུས་ཏེ། རི་གླུ་སྙན་མོ་ཡི་འགྱུར་ཁུགས་ལ་འཐིམ་ཞིང་། སྡེ་ཆེན་རྩེད་རའི་ཚིག་གི་བརྗིད་དང་། དོན་གྱི་བྲོ། ངག་གི་དཔལ་ལ་རོལ།  ཀྲུང་གོའི་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་འགྲན་ཁུལ་གཉིས་པ་སྟེ་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་མུ་མཐུད་ནས་མགོ་བརྩམས་ཏེ་ཞེ་སྨྲེང་བ་ཐམས་ཅད་དྲན་པར་བརྒྱུས་ཤིང་རོགས་ཞེ་འདང་ཅན་པོ་སེམས་ཁ་མཐུན་ཏེ་འགྲན་སྡུར་གྱི་ཡོ་ལང་རྣམ་པར་རྒྱས། ཉིན་གཉིས་ཀྱི་རིང་ལ་འགྲན་ཞུགས་གླུ་བ་གླུ་མ་ཚོས་རོགས་མཐུན་པའི་སྐོར་དང་། དྲན་པའི་སྐོར། བྲལ་བའི་སྐོར། འགལ་བའི་སྐོར། ལབ་ཀྱི་སྐོར་སོགས་དབྱངས་རྟ་སྙན་མོ་སེམས་པའི་ཟབ་སར་དྲངས་ཏེ་སྡེ་ཆེན་པོ་རྩེད་ར་ཟིལ་གྱིས་མནན།

བྱ་ཁུ་ལོ་གཞན་ཡོང་མགྲོན་པོ་ཡིན།།

བྱིའུ་འཇོལ་མོ་ནགས་ཀྱི་གཞི་འཛིན་ཡིན།།

ནགས་ཡར་ནང་སྐྱིད་ལ་མར་ནང་སྐྱིད།།

ནགས་སྐྱིད་ས་ཞིག་ནས་འདུག་རྒྱུ་ཡིན།།

ཤིང་དྲང་ས་ཞིག་ལ་འབབ་རྒྱུ་ཡིན།།

དགུང་ཨ་སྔོན་མཐོ་ཡང་མཐོ་ཀི།

འབྲུག་ལྗང་ལོ་བསོ་ཡང་བསོ་ཀི།

གན་ཚོད་ཀི་ཆར་ཞིག་བབས་ན།།

ང་ལོ་ཡག་སྙེ་མའི་འདོད་རེད།།

ཤ་ཡུ་མོའི་སྐྱེ་བ་བླངས་བླངས་ལ།།

རྫ་ཁྲ་ཡག་ཕུ་ཉུག་མདོ་ཉུག་བྱས།།

རྩྭ་རམ་དཀར་ཕུ་བཟའ་མདོ་བཟའ་བྱས།།

སང་ནངས་མོ་རྫ་རི་ཁ་ཁ་རེད།།

སྡེ་ཆེན་པོ་གོས་ཆེན་འབྲུག་མ་རེད།།

ཡུལ་ཕ་མ་ཐོག་གི་རི་མོ་རེད།།

ཤོམ་བྱེད་ནོ་བུ་དང་བུ་མོ་རེད།།

ཆ་འདི་གསུམ་འགྲིག་ན་མཐུན་པ་རེད།།

ཨ་མཐུན་བུ་དང་ཡང་མཐུན་སྨན།།

སྡེ་ནང་ལོང་ནང་ནས་མཐུན་སོང་ན།།

ཞེ་མཐུན་འདུག་ཞི་མོའི་སེམས་ན་ཡོད།།

འགྲོག་ཐུབ་འདུག་ཞི་ལིའི་ལག་ན་ཡོད།།

ང་བྱ་བརྒྱ་ཐང་དཀར་རྒོད་པོ།།

གནའ་དེང་མ་བྱ་ཕྲུག་ཡིན་དུས།།

ཚང་དྲོན་མོ་བྲག་དམར་ཐེམ་ན་ཡོད།།

ངའི་འཕུར་རོགས་གླག་མོ་རྩིབ་ན་ཡོད།།

ལོ་དེང་སང་གཤོག་རྩལ་རླུང་ལ་གཟད།།

ཚང་དྲོན་མོའི་ནང་ལ་བོབས་གི་མེད།།

བྱ་བརྒྱ་བོ་གར་འཕུར་རིག་གི་མེད།།

ངའི་གླག་མོ་གར་ཡོད་ཤེས་གི་མེད།།

ཞེ་སྡུག་གི་ལོ་རབས་མ་བཤད།།

ཞེ་སྡུག་གི་ལོ་རབས་བཤད་ན།།

ཁྱོས་ཐབ་ཀའི་གོང་ཁའི་ནང་ན།།

ང་དྲན་ནས་གླེང་གོ་འདོད་ན།།

ཞེ་སྡུག་ནས་དྭངས་མཐའ་མེད་གི།

སྨད་ཕྱོགས་སྡེ་ཆེན་གྲོང་ནས།།

ཞེ་མཐུན་རོགས་ཞིག་རྙེད་ཡོད།།

ཞེ་རང་མཐུན་ཡིན་ནོ་ཤེས་ནས།།

ཡུལ་ཕ་མ་ཤེས་གི་བཞག་ཡོད།།

སྨད་ཕྱོགས་སྡེ་ཆེན་གྲོང་ནས།།

ཞེ་མཐུན་རོགས་ཞིག་རྙེད་ཡོད།།

ཞེ་རང་མཐུན་ཡིན་ནོ་ཤེས་ནས།།

ཡུལ་ཕ་མ་ཤེས་གི་བཞག་ཡོད།།

སྟོད་སྟོད་ནས་སྨད་ལ་བལྟས་ན།།

སྨད་ཕྱོགས་ཀི་སྡེ་བ་རིག་གི།

ཁྱོད་དེ་ན་ཡོད་ནོ་ཤེས་གི།

ཁ་བགད་ནས་འགྲོགས་ཁོམ་མེད་ན།།

སེམས་སྐྱ་མོ་ཐང་ལ་ལྷུང་གི།