མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།
2021.06.14 ཁུངས། ཀློག་གྲངས། 621

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  (གསར་འགོད་པ།  དབང་རྒྱལ་ཚེ་རིང་།)ལ་གཞས་ནི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་། བློ་ཡི་འཆར་སྣང་། བསམ་བློའི་འདུ་ཤེས་སོགས་བརྗོད་བདེ་ཞིང་གོ་སླ་བའི་ཚིག་གི་ཕྲེང་བ་དེ་སྙན་མོ་ངག་གི་འགྱུར་ཁུགས་ལ་དྲངས་ནས་ཕོ་མོ་བར་གྱི་ལྷད་མེད་བརྩེ་འདང་བརྗོད་པ་དང་། བདེ་སྐྱིད་ཀྱི་འཚོ་བར་བསྔགས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་རིག་གནས་ཤིག་ཡིན་ཞིང་། འདི་ལ་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ལྡན་པར་མ་ཟད། བརྗོད་བྱ་ཕུན་སུམ་ཚོགས་ཤིང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པས་བོད་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ནོར་གལ་ཆེན་ཞིག་ཡིན།

དེ་རིང་ཞོགས་པར་ཆར་ཟམ་ཟིམ་དང་སྨུག་ལང་ལོང་གི་ཁྲོད་ནས་ཐེམ་ཆེན་རྩྭ་ཐང་ལ་སྔར་ན་མེད་པའི་མཛེས་སྡུག་གི་གསོན་ཤུགས་གསར་བ་ཞིག་བསྣན་ཞིང་སྨྲེང་བའི་དབྱངས་རྟ་སྙན་མོ་ཞིག་གིས་ཕྱིར་དྲན་གྱི་མེ་ལོང་ངོས་ལ་དྲན་པ་ཐེངས་ཤིག་བཞག

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ། ཕྱོགས་སོ་སོ་ནས་ཕེབས་པའི་གླུ་བ་གླུ་མ་རྣམས་ཀྱིས་བདེ་མོ་ངག་དང་སྙན་པའི་དབྱངས་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ཏེ་ཉིན་གསུམ་གྱི་རིང་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་མཐར་འགྲན་ཞུགས་པ་ཉེར་དྲུག་གི་ཁྲོད་ནས་གླུ་བ་ལྔ་དང་གླུ་མ་ལྔ་བཅས་ཁྱོན་སྡོམས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ལ་ཞུགས་པར་བདམས་ཐོན་བྱུང་།

མཚོ་ནུབ་འགྲན་ཁུལ་གྱི་དཔྱད་འདེམས་པ། ཅ་བྷེ་དང་ཚེ་ཡག་རྒྱལ།

མདོ་འཛིན་པ། ཚེ་རིང་བཀྲ་ཤིས།

གླུ་བ། དཔའ་འབྲུག་རྒྱལ།

གླུ་བ། བསྟན་འཛིན་ཆོས་གྲགས།

གླུ་བ།  བ་བཟང་ཚེ་རིང་།

གླུ་བ། འཇིགས་མེད།

གླུ་བ།  བསོད་ནམས་རྒྱལ་མཚན།

གླུ་མ། རྡོ་རྗེ་སྐྱིད།

གླུ་མ། དངོས་གྲུབ་དབང་མོ།

གླུ་མ། བདེ་སྐྱིད་མཚོ།

གླུ་མ། ཚེ་འཛིན་སྒྲོལ་མ།

གླུ་མ། ལྕགས་རིས་མཚོ།

མཚོ་ནུབ་འགྲན་ཁུལ་ནས་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་ཡོངས།


མཇུག་མཐར་དཔྱད་འདེམས་པ་གཉིས་ཀྱིས་ལ་གཞས་རིག་གནས་འདི་ཉིད་སྔོག་འདོན་དང་རྒྱུད་འཛིན། དར་སྤེལ་གང་ལེགས་བྱེད་དགོས་པ་དང་ཐེངས་འདིའི་འགྲན་སྡུར་ཁྲོད་འགྲན་ཞུགས་གླུ་བ་གླུ་མ་ཚོའི་སྐད་ངག་གི་འགུག་ལུགས་དང་།  དབྱངས་རྟ། གླུ་ཚིག་སོགས་ཀྱི་ཐད་ནས་དཔྱད་བརྗོད་གང་ལེགས་བྱས་རྗེས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་རྣམས་ལ་གདན་ཐོབ་དཔང་ཡིག་སྤྲད་དེ། ཐོག་མའི་འགྲན་སྡུར་ལས་མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ཡོངས་སུ་མཇུག་སྒྲིལ།