མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།
2021.06.15 ཁུངས། ཀློག་གྲངས། 493

(གསར་འགོད་པ། དབང་རྒྱལ་ཚེ་རིང་། གནམ་སྐྱབས་རྒྱལ།) ལྷུན་པོ་གངས་ཀྱི་ཟེ་བ་མཁའ་རུ་འཕགས་པའི་ཨ་མྱེས་རྫ་དམར་གྱི་འདབས་རོལ་དང་། བརྗིད་ཆགས་ས་འཛིན་སྲུང་གི་ཀ་བ་བཞེངས་འདྲའི་ཨ་མྱེས་བཱ་ཡན་གྱི་ཤར་ཕྱོགས་སུ་ཆགས་པའི་གཡུ་གཞོང་རྐང་ཚ་ནི་གནམ་སྔོན་མོ་ཐང་ལ་ལྷུང་བ་དང་འདྲ་བར། མཚོ་དང་མཚེའུ་སྟོང་གིས་མགྲིན་པའི་ངག་གི་ཁོ་ལགས་རྫོགས་ཤིང་། འདབ་ཆགས་བྱ་ཡི་གསུང་སྐད་སྙན་མོ་ཐོས་འཛིན་རྣ་བའི་རྒྱན་དུ་གྱུར། གནས་འདི་ན། མེས་པོའི་ངག་རྒྱུན་ཁྲོད་ཀྱི་ཁྲི་ཤོར་རྒྱལ་མོ་ལྷེམ་མེར་འཁྱིལ་ཞིང་།གནས་འདི་ན། མཐོང་སྨོན་ཀུན་གསལ་ངོས་ཀྱི་བོད་མཁར་བཀྲག་མདངས་རྣམ་པར་འཚེར། 

དེ་རིང་སྟེ་སྤྱི་ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན་ཐེངས་འདིའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་རྩ་འཛུགས་ཚན་ཆུང་རྟ་མཆོག་གི་ཡུལ་གྲུའམ་ལྷ་མཚོའི་འབྱུང་ཡུལ་དུ་གྲགས་པའི་ཐེམ་ཆེན་རྩྭ་ཐང་བརྒྱུད་ནས་མཚོ་ངོགས་ཀྱི་བོད་མཁར་རྐང་ཚར་འབྱོར།  འདི་ནའང་ལ་གཞས་སྒྱུ་རྩལ་ལ་དུངས་པའི་གླུ་བ་གླུ་མ་ཚོས་ང་ཚོར་རེ་ལྟོས་ཀྱི་མིག་ཟུང་ཅེར་ཞིང་། རེ་སྒུག་གི་ཕྱག་ཟུང་བརྐྱངས་ཡོད། རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། རྐང་ཚ་རྫོང་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་འོག་ཕྱོགས་སོ་སོ་ནས་ཕེབས་པའི་འགྲན་ཞུགས་གླུ་བ་གླུ་མ་རྣམས་ཀྱི་ཨང་རིམ་རྒྱན་ལེན་དང་། སྒྲ་ཕབ་སྒྲིག་སྦྱོར་སོགས་སྟ་གོན་གྱི་བྱ་བ་ཡོངས་སུ་ཚེགས་པར་བྱས། ཐེངས་འདིའི་འགྲན་ཁུལ་གསུམ་པ་སྟེ་མཚོ་བྱང་འགྲན་ཁུལ་ལ་བསྡོམས་པའི་གླུ་བ་གླུ་མ་ཉེར་བདུན་ཡོད་ལ།  འགྲན་ཞུགས་པ་འདི་དག་གིས་བོད་ཀྱི་ལ་གཞས་འདི་ཉིད་ཉམས་པ་སླར་གསོ་དང་།  མ་ཉམས་གོང་སྤེལ་དུ་གཏོང་བའི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ཏེ་ཐེངས་འདིའི་འགྲན་སྡུར་ལ་རེ་བ་གསར་བ་ཞིག་གི་དབུ་ཁྱུད་བྲིས།