ས་གཡུ་གཞོང་རྐང་ཚ་རྐང་རེད། ཁ་ལ་གཞས་སྲིད་པའི་མཛོད་རེད།
2021.06.16 ཁུངས། ཀློག་གྲངས། 1070

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། དབང་རྒྱལ་ཚེ་རིང་།)མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཆགས་པའི་གཡུ་གཞོང་རྐང་ཚའི་ནམ་མཁའ་གཡའ་དག་ལ། ས་གཞི་རྡུལ་དག  ཕྱུགས་ཀྱི་རུ་མ་ཐང་ལ་བརྡལ་འདྲའི་ཕ་གཞིས་དྲོན་མོ་འདིའི་རི་ལུང་ཀུན་ལ་སྔོ་ལྗང་མེ་ཏོག་གིས་ཕྲ་རྒྱན་བཏབ་ཅིང་། དྲི་ཟའི་ངག་གི་དབྱངས་འགྱུར་སྙན་མོས་མཛེས་སྡུག་དཔལ་ལ་ལང་ཚོ་བསྩལ། སེམས་ཡ་ཆུང་གངས་དཀར་ངོས་ལ་དྲན་ཤིང་རིང་མོ་ཞིག མིག་ཁྲ་ཆུང་མཆི་རིས་ངོས་ལ་ཞེ་མཐུན་དྲོན་མོ་ཞིག སྔོན་མོ་ཤེལ་གྱི་མེ་ལོང་ངོས་ལ་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་ཕྱོགས་མེད་འཕྱོ་ཞིང་། སིང་སིང་ངག་གི་གྲེ་འགྱུར་སྙན་མོས་ཕྱོགས་བཞིའི་མགྲོན་པོར་གཡབ་མོ་བྱེད་བཞིན་མི་ཚོགས་ཀྱི་འདུ་ལོང་རྒོད་པའི་གནས་འདི་རུ་ཕོ་མོ་ཟུང་གི་སྨྲེང་བ་འཁྱིལ་ཡོད།

   ཐེངས་འདིའི་ལ་གཞས་འགྲན་སྡུར་སྐབས་བདུན་པ་ནི་མི་སེམས་ཀྱི་གཏིང་རིམ་ན་བཞད་པའི་ཕྲ་ཚོམ་མེ་ཏོག་ཅིག་དང་འདྲ་བར་ས་སྐྱིད་པོ་རྐང་ཚའི་ཕྱི་ནང་ཀུན་ལ་མཚར་སྡུག་གི་བཀྲག་མདངས་གསར་བ་ཞིག་བསྣན།  དེ་རིང་ཡང་ཁ་ལ་གཞས་མགྲིན་པའི་ངག་ལ་དྲངས་བཞིན།  དོན་ཞེ་རྩ་ཅན་པོ་སེམས་པའི་མཐིལ་ལ་བཏབ་སྟེ་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་འདི་ཉིད་ཕུན་སུམ་ཚོགས་པའི་རྒྱུ་རུ་བསྔོ་ཞིང་།  གསན་མཁན་མང་པོའི་མིག་གི་དགའ་སྟོན་དང་། སེམས་ཀྱི་ལོངས་སྤྱོད་དུ་གྱུར་ཏེ་བདེ་མོ་ངག་གི་སྒོ་འཕར་ཡངས་པོར་ཕྱེས་ཡོད།


ལོ་བཅོ་ལྔ་ཉི་ཤུའི་རོགས་ལོ་རེད།

འགྲོགས་མི་དགོས་དེང་མ་རང་མཐུན་རེད།

རོགས་ཆུང་ལོ་ཁ་ཡ་ན་ཟླ་ཁྱོད།

ཁ་ཚིག་གསུམ་ཤོད་ལ་རྩེད་རོགས་བྱོས།

སྟོད་སྤང་དཀར་ཀླད་ཀི་མེ་ཏོག

ཁྱོད་མ་གད་མིག་ལ་ཡག་གི

གད་དང་ན་དྲི་མ་ཞིམ་གི

བར་ཞིག་ལ་འགྱ་རྒྱུ་ལོས་ཡིན།

འགྱ་སོང་ན་ཡིད་སེམས་སྡུག་གི

རྟ་འདོ་བ་རི་མགོའི་སྨུག་པ་རེད།

རླུང་བསེར་བུ་གཡུག་ན་ཇེ་ཡག་རེད།

རོགས་ཆུང་ལོ་ན་ཁའི་མེ་ཏོག་རེད།

ཁ་ལ་གཞས་བླངས་ན་ཇེ་ཡག་རེད།

སྨད་རྒྱ་རྫོང་ནགས་ཀྱི་ཐང་ལོ།

ཟླ་བཅུ་བ་ཐོན་རུང་མི་འཇིག

དབྱར་དྲུག་པ་ཐོན་རུང་མི་འགྱུར།

རོགས་འུ་ཚོའི་བསམ་པ་དེ་ཡིན།

རོགས་མེད་ན་མི་སྡུག་ཡོད་ན་སྡུག

རོགས་ཡོད་ནས་ཁ་ཐག་རིང་ན་སྡུག

རོགས་ཐུག་འཕྲད་མེད་ན་ལྷག་ཏུ་སྡུག

དགུང་སྔོན་པོ་སྔོ་ལ་ཡུག་རེད།

བྱ་ཁ་ལ་ཡུག་གི་འདོད་རེད།

རོགས་ཆུང་ལོ་རྩེད་ལ་དགོད་རེད།

ང་ཞེ་མཐུན་ཞི་མོའི་འདོད་རེད།

དྲན་པའི་ལྕགས་ཀྱུ་རིང་མོ། ཡིད་སེམས་འགུགས་པའི་ཨ་ལོང་།

སྙིང་གཏམ་སེམས་ཀྱི་ཆར་བ།  མི་འགྱུར་བྲག་ལ་འཐིམས་ཡོད།

ཞེ་མཐུན་རོགས་ལོའི་ཕྱོགས་ལ། ཟུར་མིག་མདའ་མོ་འཕངས་ཡོད།

ཁ་ལ་གཞས་བརྩེ་བ་དྲོན་མོ་ཡིན། རོགས་ཆུང་ལོ་སེམས་པའི་དྲན་ཤིང་ཡིན།

བྱ་རྒོད་པོས་མི་སྐད་མི་གོ་ཀི

བྱ་རྒོད་པོས་མི་སྐད་གོ་རྒྱུ་ན།

ངས་གསེར་ཤོག་དངུལ་ཤོག་སྟེང་ལ།

གསེར་ནག་ཡི་གེ་བྲིས་ནས།

རོགས་ཆུང་ལོའི་ཕྱོགས་ལ་བསྐུར་ཡོད།

མཚོ་བྱང་འགྲན་ཁུལ་གྱི་དཔྱད་འདེམས་པ་ཀླུ་རྒྱལ་དང་ཚེ་བརྟན་རྒྱལ།