རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།
2021.06.25 ཁུངས། ཀློག་གྲངས། 446

སྐབས་བདུན་པའི་ལ་གཞས་འགྲན་སྡུར་གྱི་ཐོག་མའི་འགྲན་སྡུར་ལས་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།

中国电信“天翼杯”拉伊大赛


གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། (གསར་འགོད་པ། དབང་རྒྱལ་ཚེ་རིང་།)དགུ་ཆུ་དལ་འབབ་རིང་མོའི་འགྲམ་ངོགས་ནས། རིག་གནས་མེ་ཏོག་བཞད་པའི་ཞིང་ཁམས་སུ། རེབ་གོང་གསེར་མོ་ལྗོངས་ཀྱི་ཡུལ་ལུང་འདི་ནི་འཛམ་གླིང་རིག་པས་བསྐོར་བའི་གངས་ཅན་མཁས་དབང་རིམ་བྱོན་མུ་ཏིག་ལྟར་འཁྲུངས་ཤིང་། ལྷ་རིས་སྒྱུ་རྩལ་པ་ཆེན་མོ་གསེར་གྱི་ཕྲེང་ཐག་བཞིན་བརྒྱུས་ཡོད་པས། ཀུན་གྱིས་གནས་འདི་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཚན་སྙན་གྱི་མེ་ཏོག་ཡང་ཡང་གཏོར་བཞིན་འདུག

རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་སྟབས། རེབ་གོང་ཡུལ་དུ་འཚོ་བའི་བོད་རིགས་མི་དམངས་ཀྱིས་མི་རབས་ནས་མི་རབས་བར་དུ། ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གནས་རྩ་ཆེན་འདི་དག་འཛིན་སྐྱོང་སྤེལ་གསུམ་བྱས་སྟབས། ད་སྔ་གནས་འདི་ན་འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་རེབ་གོང་སྒྱུ་རྩལ་དང་བོད་ཀྱི་ཟློས་གར། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་པའི་དྲུག་པའི་ཀླུ་རོལ་ལ་སོགས་དམངས་སྲོལ་རིག་གནས་ཀྱི་འདབ་ལག་ཕྱོགས་བཞིར་བརྐྱངས་ཡོད།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། རྨ་ལྷོ་ཁུལ་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་བའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་གྱི་རྩ་འཛུགས་ཚན་ཆུང་སྤྱི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་ཞོགས་པའི་ཉི་ཟེར་དང་ལྷན་ཏུ་གནའ་མཁར་ཟི་ལིང་ནས་ལམ་ཆས་ཏེ་རྨ་ལྷོའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་སྐྱོད་མགོ་བརྩམས།

རྨ་ཀླུང་སྔོན་མོའི་རླབས་རྒྱུན་གྱིས་ངལ་དུབ་ཀྱི་སྐོམ་པ་ཡོངས་སུ་སེལ་ཞིང་། རྣང་ཞིང་གྲུ་བཞིའི་ལྗང་གདོག་གིས་མི་སེམས་ལ་དྲོད་ཁོལ་བསྐྱལ། ཆུ་ཚོད་གསུམ་ལྷག་གི་ལམ་ཐག་བརྒྱུད་དེ་ང་ཚོ་དངོས་སུ་རྨ་ལྷོ་ཁུལ་ཐོག་ཏུ་འབྱོར། རྨ་ལྷོ་འགྲན་ཁུལ་ལ་མིག་སྔར་འགྲན་ཞུགས་པ་སུམ་ཅུ་ལྷག་ཡོད་ལ། རྨ་ལྷོ་འགྲན་ཁུལ་ནི་ཐེངས་འདིའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་འགྲན་ཁུལ་བཞི་བ་སྟེ་ཀུན་གྱིས་རེ་བའི་སྨོན་ས་ཞིག་དང་ཁྲ་ཆུང་མིག་གིས་ཅེར་ས་ཞིག་ཏུ་གྱུར་ཡོད།

ང་ཚོས་རོགས་སྒྲུབ་ལས་ཁུངས་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཚོགས་ར་གཏན་འཁེལ་བྱས་པ་དང་། འགྲན་ཞུགས་གླུ་བ་གླུ་མ་ཚོར་འབྱོར་ཐོ་འགོད་པ། སྒྲ་ཕབ་སྒྲིག་ཆས་སོགས་ཀྱི་བྱ་བ་མཐའ་དག་ཚགས་སུ་ཆུད་པར་བྱས་ཏེ་སང་ཉིན་གྱི་འགྲན་སྡུར་ལ་སྟ་གོན་གང་ལེགས་ཤིག་གིས་མདུན་བསུས་ཡོད།

སང་ཉིན་ཏེ་ཚེས་ཉེར་གཅིག་ཉིན། སྒོ་དམར་བདེ་སྐྱིད་ཐང་ལྷན་འཛོམས་གླིང་ག་རུ་འགྲན་སྡུར་དངོས་སུ་མགོ་བརྩམ་རྒྱུ་ཡིན་པས་ལྟད་མོ་བ་རྣམས་དུས་ལྟར་ཡུལ་དངོས་སུ་ཕེབས་ཏེ་གསན་གཟིགས་གནང་བར་དགའ་བསུ་ཞུ།

སྒོ་དམར་བདེ་སྐྱིད་ཐང་ལྷན་འཛོམས་གླིང་གའི་བཀོད་པ།