མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།
2021.06.28 ཁུངས། ཀློག་གྲངས། 630

(གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ་དབང་རྒྱལ་ཚེ་རིང་།)མཐོན་པོ་གངས་ཀྱིས་བཟུང་བའི་ཨ་མྱེས་རྨ་ཆེན་གྱི་བརྗིད་ཆགས་ལྟ་ན་སྡུག་ལ། མཛེས་སྡུག་ཡིད་དུ་འོང་བའི་གཉན་པོ་གཡུ་རྩེ་ཡི་བཀྲག་མདངས་རྣམ་པར་བཀྲ། གནས་འདི་ན། མེས་པོའི་ཤེས་རབ་ལས་འཁྲུངས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འོད་དུ་འཚེར་ཞིང་། གནས་འདི་ན། གཙང་མོ་ཤེལ་གྱི་མེ་ལོང་བཞིན་འཁྱིལ་འདྲའི་མཚོ་སྐྱ་རེངས་དང་སྔོ་རེངས་སོགས་རང་བྱུང་གི་བཀོད་པ་ལྷུན་གྱིས་ཆགས་ཡོད་པས། མགོ་ལོག་ལ་རི་ཆུའི་མེས་པོ་དང་། རྨ་ཆུའི་འབྱུང་ཁུངས། ནོར་གནག་གི་ཕ་ས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བཞིན་འདུག

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མགོ་ལོག་ཁུལ་རིག་གནས་ཁང་གཉིས་ཀྱིས་རོགས་སྒྲུབ་གནང་བའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་གྱི་རྩ་འཛུགས་ཚན་ཆུང་སྤྱི་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ་གནམ་སའི་འདྲེས་མཚམས་སུ་ཆགས་པའི་ཡུལ་མགོ་ལོག་གི་ཕྱོགས་སུ་སྐྱོད་མགོ་བརྩམས། མགོ་ལོག་འགྲན་ཁུལ་ནི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་ཐོག་མའི་འགྲན་སྡུར་ལས་ཆེས་མཐའ་མཇུག་གི་འགྲན་ཁུལ་ཡིན་ལ། ང་ཚོའི་རྩ་འཛུགས་ཚན་ཆུང་ཡང་རྒྱལ་ཁ་དང་གྲུབ་འབྲས་ཀྱིས་བརྟས་ཤིང་། རེ་བ་དང་ཡིད་ཆེས་དྲོན་མོ་ཞིག་སེམས་སུ་རུམ་སྟེ་མགོ་ལོག་འགྲན་ཁུལ་གྱི་ཆེས་ཐོག་མའི་བྱ་བ་མཐའ་དག་ལ་སྟ་གོན་གང་ལེགས་བྱས།  མགོ་ལོག་འགྲན་ཁུལ་ལ་བསྡོམས་པའི་འགྲན་ཞུགས་པ་ཉི་ཤུ་ཡོད་ལ། ང་ཚོས་རོགས་སྒྲུབ་ལས་ཁུངས་དག་གི་རྒྱབ་སྐྱོར་ལ་བརྟེན་ནས་ཚོགས་ར་གཏན་འཁེལ་བྱས་པ་དང་། འགྲན་ཞུགས་གླུ་བ་གླུ་མ་ཚོར་འབྱོར་ཐོ་འགོད་པ། སྒྲ་ཕབ་སྒྲིག་ཆས་སོགས་ཀྱི་བྱ་བ་མཐའ་དག་ཚགས་སུ་ཆུད་པར་བྱས་ཏེ་མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་དངོས་སུ་མགོ་བརྩམས།

མིང་ཐོ་འགོད་བཞིན་པ།

ཨང་རིམ་རྒྱན་ལེན་བཞིན་པ།

ཡུལ་དངོས་ནས་སྒྲ་ལེན་བཞིན་པ།