མཚོ་སྔོན་པོ་གཡུ་ཡི་མེ་ལོང་རེད། རོགས་ཆུང་ལོ་མཚོ་ཁའི་མེ་ཏོག་རེད།
2021.07.21 ཁུངས། ཀློག་གྲངས། 634


ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ།

中国电信“天翼杯”第七届拉伊大赛

ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་གྱི་རིམ་པ་དངོས་སུ་མགོ་བརྩམས།

འཛམ་གླིང་ས་ཡི་གོ་ལའི་ཡང་རྩེ་ན་གནས་ཤིང་། བརྗིད་ཆགས་གངས་རི་སྟོང་གི་བླ་སྲོག་བཞིན་སྒྲེང་སྟེ། བོད་ཡུལ་ཆོལ་ཁ་གསུམ་གྱི་ཡ་གྱལ། མདོ་སྨད་ས་ཡི་ཐེག་ལེ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉིན་ལུང་། གཡང་གི་འོ་མ་ལྟེམས་སུ་འཁྱིལ་བའི་ཞིང་ཁམས། གཏེར་གྱི་རུ་མ་ལྷུམས་སུ་སྦྲུམ་པའི་ནོར་འཛིན། དབྱར་ཟླ་བདུན་པའི་གཡུ་གཞོང་རྐང་ཚ་ནི་ནམ་མཁའི་ཐོད་ལ་བཏེགས་པའི་སྤྲིན་དཀར་གྱི་ཚོམ་བུའི་ཁྲོད་རྒྱུ་ཞིང་། དོག་མོ་ས་ཡི་མཁའ་མཐའ་ན་འཚེར་བའི་ས་འཛིན་གྱི་ཀ་བ་བཞིན་བརྟན་ཡོད་པས། གནས་འདི་ན། བོད་པའི་སྲོལ་རྒྱུན་རིག་གནས་ཀྱི་འདབ་ལག་ཀུན་ནས་རྒྱས་ཤིང་། ལྷག་པར་དུ་ངག་ཐོག་རིག་གནས་འདི་ཉིད་གྲ་མ་ཆག གྲུ་མ་ཉམས། དྲོད་མ་ཡལ་པར། འབྲོང་མོ་རྭ་ཁ་ཀྲིག་གེར། སྟག་མོ་འཛུམ་དྲུག་ཉིལ་ལེར་གནས་ཤིང་། ཡུལ་གྲུ་འདིའི་ལང་ཚོའི་ཁོ་ལག་ཡོངས་སུ་རྫོགས་པའི་གཞོན་ནུ་ཕོ་མོ་ཟུང་གི་ཁ་ཚིག་ལ་མེ་ཏོག་བཞད་བྱེད་དང་། ཞེ་འདང་ལ་ཟེའུ་འབྲུ་སྨིན་བྱེད་དུ་གྱུར་བ་ནི། ཨ་མདོའི་ལ་གཞས་ཞེས་ཡོངས་སུ་གྲགས་པའི་འཁོར་བའི་བརྩེ་གླུ་སྙན་མོ་འདི་ཡིན་ཞིང་། མེས་པོའི་ཤེས་རབ་ལས་འཁྲུངས་པའི་བརྩེ་གླུ་འདིའི་འགྱུར་ཁུགས་རེ་རེའི་ཁྲོད་དུ། མ་གསང་བཤད་པའི་སྙིང་གཏམ་ག་ལེར་འཁྱིལ་ཞིང་། དུངས་པའི་མགྲིན་བརྗོད་ངག་གི་དབྱངས་སྙན་ལྷོད་སེར་ཆགས་ཡོད་པས། འཁོར་བའི་སྐྱིད་སྡུག་ལ་བརྒྱུས་པའི་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ཞིག་གིས་མི་རབས་ནས་མི་རབས་བར་རིགས་རྒྱུད་ཀྱི་རྣམ་ཤེས་གསར་བ་ཞིག་ལ་དྲན་སྐུལ་ཡང་ཡང་བསླངས་ཡོད།

   དེ་ཡང་བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་ཐོག་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་རྩ་ཆེན་འདིའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་དམིགས་ནས།  ཉིས་སྟོང་དགུ་ལོ་ནས་བཟུང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས«སྡེ་ཆེན་རྩེད་ར»རྟགས་མའི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་མགོ་བརྩམས་པ་དང་། ད་ལོ་སྐབས་བདུན་པ་ལ་ཐོན་ཡོད་ལ། «སྡེ་ཆེན་རྩེད་རའི»ལེ་ཚན་ནས་བརྒྱུད་གཏོང་བྱས་པས་རྒྱ་ཆེའི་གསན་མཁན་དག་གིས་དགའ་བསུ་ཆེན་པོ་ཐོབ་ཡོད།

ད་ལོའི་ཟླ་དྲུག་པ་ནས་བཟུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ས་གནས་སོ་སོའི་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རོགས་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ་དངོས་སུ་མགོ་བརྩམས་ཤིང་། སྔ་རྗེས་སུ་མཚོ་ལྷོ་དང་མཚོ་ནུབ། མཚོ་བྱང་།  རྨ་ལྷོ། མགོ་ལོག་བཅས་འགྲན་ཁུལ་ལྔ་ནས་ཐོག་མའི་འགྲན་སྡུར་གྱི་བྱ་བ་ཐམས་ཅད་ལེགས་པར་གྲུབ་སྟེ། འགྲན་ཁུལ་ལྔ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་ང་གཅིག་བསྐྱར་འགྲན་ལ་ཞུགས་ཆོག་པའི་གདན་ཐོབ་དཔང་ཡིག་གནང་བ་དང་།  ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། འགྲན་ཞུགས་པ་ཞེ་དྲུག་ཐེངས་འདིའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་གྱི་ཡུལ་དངོས་ཏེ་རྐང་ཚ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་བཞི་བཅུ་ལྷག་གི་མཚམས་སུ་ཆགས་པའི་རྨི་ལམ་དག་ཞིང་ཁམས་གསེང་ཡུལ་སྐོར་གནས་མཆོག་གླིང་དུ་ཡོང་ནས་འབྱོར་ཐོ་བཀོད་པ་དང་། འགྲན་སྡུར་ཨང་རིམ་གྱི་རྒྱན་ཤོག་བླངས་ཏེ་ཨང་རིམ་གཏན་འཁེལ་བྱས་པར་མ་ཟད། ཐེངས་འདིའི་འགྲན་སྡུར་འདྲ་མཉམ་དང་དྲང་བདེན། དྲང་བཞག  བདེ་འཇགས་བཅས་ཀྱི་རྩ་དོན་གཞིར་བཟུང་དཔྱད་འདེམས་པ་དག་མཉམ་དུ་འཛོམས་ནས་འགྲན་སྡུར་གྱི་གོ་རིམ་དང་དཔྱད་འདེམས་བྱེད་སྟངས་སོགས་ལ་གྲོས་སྡུར་བྱས་པ་དང་། རྩ་འཛུགས་ཚན་ཆུང་གིས་ཡུལ་དངོས་ནས་གྲ་སྒྲིག་འཐུས་ཚང་བྱས་ཏེ། དེ་རིང་སྟེ་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་གྱི་བསྐྱར་འགྲན་འཕར་མའི་འགྲན་སྡུར་དངོས་སུ་མགོ་བརྩམས།

འབྲེལ་ཡོད་འགོ་ཁྲིད་དང་འཁྲབ་ཁྲིད་པའི་སྡེ།

དཔྱད་འདེམས་པ། འབའ་སྟོད་པདྨ་དབང་རྒྱལ།

དཔྱད་འདེམས་པ། རྟ་མགྲིན།

དཔྱད་འདེམས་པ། གདུགས་དཀར་ཚེ་རིང་།

དཔྱད་འདེམས་པ། དཀར་མཚོ་སྐྱིད།

དཔྱད་འདེམས་པ། མོག་བུ་ཡེ་ཤེས་སྐྱབས།

མདོ་འཛིན་པ། ཟླ་བཟང་སྒྲོལ་མ་དང་རིག་འཛིན་ཐར།

བརྙན་ལེན་པའི་སྡེ།

རོགས་རྩེད་སའི་གྲོང་ང་མ་སོང་ན།།

ཞེ་མཐུན་པའི་རོགས་ལོར་མི་ཐུག་གི།

ལོ་ཉི་ཤུར་བུད་ནོ་མི་ཤེས་གི།

སྡེ་ཆེན་པོ་རྩེད་ར་ཆ་ཡོད་རེད།།

ཆ་ལོས་ཡོད་སྡེ་བ་གོང་ཞོལ་རེད།།

རོགས་རྩེད་གི་ཞི་ལི་ཆ་མེད་རེད།།

ཆ་ཅི་ཡོད་ཚིག་གསུམ་བཤད་ནི་མེད།།

ལུག་མཚེར་དཀར་སྙིང་ལ་རྗེ་བོ།།

མགོ་སྒུར་རེ་རམ་དཀར་ཟོ་ར།།

སྤྱང་དར་མ་མིན་ནས་དགྲ་མེད།།

དགྲ་ཡོད་ཕྱོགས་ས་ནས་ང་འདུག།

ལུག་ཅི་ཡེས་འཚོ་དགོས་ངས་བལྟ།།

སྡེ་ཆེན་པོ་ཚོ་དྲུག་གླིང་ནས།།

རོགས་མིང་ཆེན་ཕ་བཟང་བུ་ཚ།།

ང་སྔོན་ཆད་རྩེད་ནི་མེད་དྲ།།

རོགས་རྩེད་སྲོལ་མཐུན་སྲོལ་བཤད་ན།།

གླུ་བླངས་ནས་རྩེད་ན་འདོད་ཀི།

སྡེ་ཆེན་པོ་རྩེད་རའི་ནང་ན།།

ཁ་ལ་གཞས་མཛོད་ལ་མནན་ཡོད།།

ཁྱོས་མཛོད་ཀི་མཛོད་སྒོ་ཕྱེས་ར།།

རོགས་རྩེད་གི་ཞི་ལི་ཐོན་ཡོད།།

ཁྱོད་དེང་མའི་འདོ་བ་ཨེ་ཡིན།།

ཁྱོད་དེང་མའི་མདོ་བ་ཡིན་ན།།

ང་དེང་མའི་སྒ་ཆ་དེ་ཡིན།།

སྒ་རྒྱུན་ཐག་དེང་མའི་དེ་ཡིན།།

སྡེ་ཆེན་པོ་སྡེ་ལུང་གོང་མ་ན།།

སྟག་ཤ་ར་གར་འགྲོ་རང་འདོད་རེད།།

ཚིག་སྙན་མོ་འགྲོ་རོགས་འདུག་རོགས་རེད།།

སྡེ་ན་ཟླ་རྩེད་ཀི་རྒྱན་ཆ་རེད།།

རོགས་ཆུང་ལོ་སྡེ་ཆེན་གྲོང་ན་ཡོད།།

འདང་ཞེ་རྩིས་རང་རང་སེམས་ན་ཡོད།།

སྡེ་ཆེན་པོ་གྲུ་བཞི་གླིང་བརྒྱད་རེད།།

གླིང་བརྒྱད་པོ་ཡིད་ལ་མི་ཡོང་གི།

རོགས་འདང་ཆེན་ཡིད་ནས་མི་བརྗེད་ཀི།

ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ནས་བཟུང་ལ་གཞས་འགྲན་སྡུར་གྱི་གོ་རིམ་ཆ་ཚང་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།  མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།།

ཐད་གཏོང་སྟེགས་བུ་དག་ནི།


མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།

གངས་ལྗོངས་མེ་ལོངAPP

ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།

མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།


直播平台


青海藏语网络广播电视台(祥云网)

金格桑APP

雪域头条抖音号

青海藏语广播抖音号


གསར་འགོད་པ།  དབང་རྒྱལ་ཚེ་རིང་།  གནམ་སྐྱབས་རྒྱལ།