ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པ།
中国电信“天翼杯”第七届拉伊大赛
སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་གཉིས་པ་དང་སྐབས་ལྔ་བ། སྐབས་དྲུག་པ་བཅས་ཀྱི་ཁྲོད་དུ་བྱ་དགའ་ཨང་དང་པོ་ཐོབ་མཁན་གླུ་བ་མགོན་སྐྱབས་ཚེ་རིང་དང་གླུ་མ་མཁའ་འགྲོ་མཚོ། གླུ་བ་རྣམ་རྒྱལ་མགོན་བཅས་ཀྱི་ཁ་བརྡ།
སྟོད་ཕྱོགས་འབྲོག་གི་ས་ན། ཕྱུགས་ཀྱི་རུ་མ་སྐར་ཚོགས་བཀྲ་འདྲའི་ནོར་གྱི་ཕྱྭ་གཡང་ཕྱུར་བུར་གཏམས་ཤིང་། རྩྭ་ཐང་ཡངས་པོ་གོས་ཀྱིས་བཀླུབས་འདྲའི་སྔོན་མོ་སྤང་གི་ནེའུ་གསེང་ངོས་ལ་མེ་ཏོག་སྣ་བརྒྱའི་འཛུམ་བརྒྱ་གྲོལ་ཏེ་མཛེས་སྡུག་དཔལ་གྱི་ལང་ཚོ་བསྩལ། ཉོན་དང་། ཨ་ཅེ་འབྲོག་མོས་རྫི་གླུ་སྙན་མོ་ངག་ལ་གྱེར་བཞིན་སྟག་ཤར་གཞོན་པའི་བརྩེ་བ་རུམ་སྟེ་འཇིག་རྟེན་སྣང་བ་ལྷོད་ཀྱིས་མཐུན།
སྨད་ཕྱོགས་རོང་གི་ས་ན། སྟོན་འབྲས་ཁུར་གྱིས་དུད་པའི་གསེར་ལྡན་སྙེ་མས་དགའ་འཛུམ་དབྱངས་ཀྱིས་མགོ་ལྕོག་ལྡེམ་ཞིང་། སོ་ནམ་རྒན་པོས་རྒྱལ་ཁའི་གཏམ་བཟང་ལྷང་ལྷང་ངག་གི་མགྲིན་པར་བརྒྱུས་ཤིང་། རྣང་ཞིང་གྲུ་བཞིའི་ཞིང་ཚིགས་བར་ནས་སྐྱི་བསེར་རླུང་གི་རྒྱུ་བ་ཕྲ་མོས་མགོ་དཀྲིས་དམར་པོ་ལྷབ་ལྷུབ་སྐྱོད། ལྟོས་དང་། ཨ་ཅེ་རོང་མོའི་མགྲིན་པའི་ངག་ལ་སྲིད་པའི་གླུ་ཡི་ངག་རྟ་འཁྱིལ་ཏེ་རྒྱང་རིང་ཡུལ་གྱི་ཤོག་དཀར་ངོས་ལ་གསེར་ནག་ཡི་གེ་ལྷུན་གྱིས་གྲུབ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་བྱང་ཁུལ་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོ་གློག་འཕྲིན་ཐེན་དབྱིས་རྟགས་མའི་ལ་གཞས་འགྲན་སྡུར་སྐབས་བདུན་པའི་བསྐྱར་འགྲན་འཕར་མའི་འགྲན་སྡུར་ཉིན་གསུམ་གྱི་རིང་ལ་ཛ་དྲག་གིས་འགྲན་སྡུར་བྱས་པ་དང་། སང་ཉིན་ཡང་སྔར་མུས་སུ་འགྲན་སྡུར་བྱ་རྒྱུ་ཡིན་ཞིང་གཞོན་ནུ་ཕོ་མོ་ཟུང་གི་བརྩེ་བ་རིང་མོ་ཁྲི་ཤོར་རྒྱལ་མོའི་རླབས་སྒྲ་དང་འགྲོགས་ཏེ་ཁྱེད་དང་ང་ཡི་སེམས་པའི་མཐིལ་ལ་ག་ལེར་འབབ་ངེས།
ས་སྡེ་ཆེན་སྡེ་བའི་གྲོང་ནས།།
རོགས་ཆུང་ལོ་ལམ་ལ་ལངས་དུས།།
སེམས་བསམ་པ་རོགས་ལ་ཆགས་ཡོད།།
ཞེ་ཕྱིར་ར་སྡེ་ལ་འཁོར་ཡོད།
སྡེ་ཆེན་པོ་ཟེར་ན་མྱིང་ཆེན་རེད།།
རོགས་ཆུང་ལོ་ཟེར་ན་དོན་ཆེན་རེད།།
རྩེད་མ་ཐུབ་བཞག་ན་གྱོང་ཆེན་རེད།།
ས་སྡེ་ཆེན་རྩེད་རའི་ནང་ན།།
རོགས་གཉིས་རེ་གཉིས་རེ་རྩེད་ཀི།
ང་རྩེད་རོགས་མེད་ལ་བསྡད་ཡོད།།
ངའི་རྩེད་རོགས་ཞི་མོ་ཁྱོད་བྱོས།།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
རོགས་ཆུང་གི་བསམ་པས་མ་འཛིན།།
མ་ཁྱོད་ཚོའི་རྩེད་རོགས་ཉན་ན།།
ཁ་འཁྱམ་ལ་ལ་དགའ་ནོ་འདི།།
དེང་མ་ལེན་དགའ་ཆེ་ནི་རེད།།
ངག་ཕྲ་མོར་དང་ལྷོད་ཤོར་གོ་ནོ།།
ལོ་ནམ་ཚས་མགོ་ལག་བཀུག་ནི་རེད།།
སྟོད་གཡུ་ལོའི་རྟ་རའི་ནང་ན།།
རྟ་ཨ་ན་མ་ན་མང་གི།
སྟོད་བྱང་ལམ་ཆོད་ནི་དཀའ་གི།
རིན་བྱིན་ནས་ཉོ་རྒྱོ་སྐྲག་གི།
རོགས་ཁྱོད་ར་འུ་གཉིས་བར་ལ།།
ཁ་ལ་གཞས་དགོས་ནོ་མ་ཤེས།།
ཁ་ལ་གཞས་དགོས་ནོ་ཤེས་ན།།
ངའི་ཕ་ཡུལ་གཞས་ཀི་མཛོད་ཡིན།།
ས་སྡེ་ཆེན་ཚོ་དྲུག་གླིང་ན།།
རོགས་ཁྱོད་འདྲ་ཡོད་ནོ་མ་ཤེས།།
རོགས་ཁྱོད་འདྲ་ཡོད་ནི་ཤེས་ན།།
ས་སྡེ་མཐའ་ཉུལ་ནས་ཆེ་འགྲོ།
སྨད་ཕྱོགས་སྡེ་ཆེན་གྲོང་ནས།།
རོགས་ཆུང་ལོས་ལ་གཞས་ལེན་གི།
གླུ་ལེན་སྲོལ་སྐད་ལ་ཉན་ན།།
ངའི་དེང་མའི་རོགས་ལོ་དྲན་གི།
ས་སྡེ་ཆེན་ན་ཟླའི་ནང་ན།།
ཞེ་མཐུན་པའི་རོགས་ལོ་བཙལ་ཡོད།།
ཕྱི་ཁ་ལེན་ཚིག་བརྩི་ཁྱོས་བྱོས།།
ནང་ཁ་བརྡ་བཀོད་པ་ངས་རྒྱག།
ཕོ་ཁྱོད་ཚོ་ལམ་ཁའི་མགྲོན་པོ་རེད།
ཁ་བགད་ནས་རྩེད་རྒྱོ་དཀའ་མོ་རེད།།
རོགས་ཆུང་ལོའི་ཁ་ཚིག་མགུར་རེད།།
མགུར་སྙན་མོའི་རྩ་བ་ཆོས་རེད།།
འགལ་སོང་ན་སྔོན་གི་ལས་རེད།།
ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་ནས་བཟུང་ལ་གཞས་འགྲན་སྡུར་གྱི་གོ་རིམ་ཆ་ཚང་གངས་ལྗོངས་མེ་ལོང་དྲ་བ་དང་གངས་ལྗོངས་མེ་ལོངAPP ཉིན་རེའི་གངས་ལྗོངས་འཁྱུག་དབྱིངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས་བཅས་ནས་ཐད་གཏོང་བྱ་རྒྱུ་ཡིན་ལ། མོས་ལྡན་དག་གིས་དུས་ལྟར་ཐད་གཏོང་ལ་གཟིགས་པར་དགའ་བསུ་ཞུ།།
ཐད་གཏོང་སྟེགས་བུ་དག་ནི།
མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བ།གངས་ལྗོངས་མེ་ལོངAPPཉིན་རེའི་གངས་ལྗོངས་འཁྱུག་དབྱིངས།མཚོ་སྔོན་བོད་སྐད་རླུང་འཕྲིན་འཁྱུག་དབྱིངས།
直播平台
青海藏语网络广播电视台(祥云网)金格桑APP雪域头条抖音号青海藏语广播抖音号
གསར་འགོད་པ། དབང་རྒྱལ་ཚེ་རིང་། གནམ་སྐྱབས་རྒྱལ།