མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟླ་གསུམ་པའི་ཚེས་བཞི་ཉིན་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བརྒྱུད་སྒྲོག་རྩ་གནད་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཚོགས་པའི་བྱ་བའི་ཐད་ཀྱི་རེ་བ་བརྒྱུད་སྒྲོག་བྱས། 2020ལོའི་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། 2021ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
མཱ་ཅི་ཞོ་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་དང་སྤྱི་ཚགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འབྱེད་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་དོན་འཁྱོལ་བྱེད་དགོས། སྣེ་ཁྲིད་ལ་ཤུགས་བསྣན་ནས་མི་སེམས་གཅིག་ཏུ་བསྡུས་པ་དང་། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཁྲོད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བྱས་རྗེས་གསར་བ་འཇོག་པ་དང་། བུད་མེད་ཀྱི་ཁྱད་ཆོས་ལྡན་པའི་ལག་རྗེས་བསྐྲུན་པའི་བྱ་འགུལ་སྤེལ་དགོས། ཁེ་དབང་སྲུང་སྐྱོབ་བྱས་ནས་རྐྱེན་སྲོལ་འཛུགས་པ་དང་། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་རྐྱེན་སྲོལ་ལག་བསྟར་བྱེད་དགོས། བཅོས་བསྒྱུར་ཟབ་སྤེལ་བྱས་ནས་རྩ་འཛུགས་སྟོབས་ལྡན་དུ་བསྒྱུར་བ་དང་། དུས་རབས་གསར་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བཅོས་བསྒྱུར་སྤེལ་བ། མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྔར་ལས་གསོན་ཤུགས་ལྡན་པ་དང་སྔར་ལས་སྟོབས་ལྡན་ཤུགས་ཡོད་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།