ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚེས་ལྔ་ཉིན་གྱི་ཕྱི་དྲོ་ཅང་ཞི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ། འཐུས་མི་རྣམས་དང་ལྷན་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
ལིས་ཀྲན་ཧྲུའུ་ཡིས་ནན་ཏན་སྒོས་འཐུས་མིའི་གཏམ་བཤད་ལ་ཉན་རྗེས་ཚང་མ་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས། ཁོས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་དམ་པོར་བཟུང་བ་དང་། མི་དམངས་ཀྱི་རེ་ལྟོས་ལ་ཨ་ལན་བཏབ་ཡོད་པས་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡོད་ཟེར།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། འདས་པའི་ལོ་གཅིག་ལ་མཚོན་ན་ང་ཚོ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། སྔར་བྱུང་མ་མྱོང་བའི་འགྲན་སློང་དང་ཉེན་ཁ་ཅི་རིགས་ལ་ཁ་གཏད་འཇལ་བར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བཀོད་ཇུས་ལྟར་དུ། ཉེན་ཁའི་ཁྲོད་ནས་གོ་སྐབས་གསར་པ་བརྩོན་ལེན་དང་འགྱུར་ལྡོག་གི་ཁྲོད་ནས་མགོ་རྩོམ་སྟངས་གསར་པ་བཙལ་ནས། མི་དམངས་ཀྱི་འདོད་བློ་ཚིམ་པ་དང་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ཁྲོད་བཀོད་ཆོག་ཆོག་གི་གྲུབ་འབྲས་གལ་ཆེན་བླངས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།